འདི་ག་ལྟེ་གནས་ཁང་གིས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་སྐབས་བོད་ནང་གནས་སྟངས་འགྲེལ་བརྗོད།

བོད་མི་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བྱུང་རྗེས་ས་གནས་བོད་རིགས་མང་ཚོགས་ཀྱིས་རྒྱལ་ཚོགས་ལས་ཁུངས་སྒོ་མདུན་དུ་བོད་ནང་གི་གནས་སྟངས་ཐད་ཞི་བའི་ཁྲོམ་སྐོར་སྐད་འབོད་ལས་འགུལ་ཐོག  འདི་ག་ལྟེ་གནས་ཁང་གི་འགན་འཛིན་གྱིས་གཏམ་བཤད་སྤེལ་བཞིན་པ།
བོད་མི་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བྱུང་རྗེས་ས་གནས་བོད་རིགས་མང་ཚོགས་ཀྱིས་རྒྱལ་ཚོགས་ལས་ཁུངས་སྒོ་མདུན་དུ་བོད་ནང་གི་གནས་སྟངས་ཐད་ཞི་བའི་ཁྲོམ་སྐོར་སྐད་འབོད་ལས་འགུལ་ཐོག འདི་ག་ལྟེ་གནས་ཁང་གི་འགན་འཛིན་གྱིས་གཏམ་བཤད་སྤེལ་བཞིན་པ།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་སྒང་འགྲེལ་བརྗོད་ཆེད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས། ༢༠༡༤ ཕྱི་ཟླ་ ༡༤ ནས་ ༢༤ བར་ཇི་ནའེ་ཝར་ཚོགས་ཡོད་པའི། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༧ པའི་སྟེང་ཆེད་བསྐྱོད་ཀྱིས། ཚོགས་འདུའི་བར་གསེང་དག་གི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མི་སྣ་དང་། རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་སྣ་བཅས་དང་མཉམ་དུ་ཐུགས་འཕྲལ་གྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད་ཀྱིས་བོད་ཀྱི་གནད་དོན་ཐད་དོ་སྣང་དང་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུས་ཡོད་པ་རེད།

གཞན་ཡང་། འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཉེན་ཁ་ཅན་འོག་གནས་པའི་མི་རིགས་ལྷན་ཚོགས་ཀྱི་འཐུས་ཚབ་གནང་སྟེ་བསྒྲགས་གཏམ་སྤེལ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་རྟོག་ཞིབ་པའི་ལས་རོགས་དག་དང་ལྷན་དུ་ཆུ་ཚོད་གཅིག་རིང་བོད་ཀྱི་གནས་ཚུལ་འགྲེལ་བཤད་གནང་ཡོད་པ་རེད། དེ་བཞིན། ཚེས་ ༢༣ ཉིན་འདི་ག་ལྟེ་གནས་ཁང་གི་འགན་འཛིན་ནས། མཉམ་འབྲེལ་རྒྱལ་ཚོགས་ཆོས་ལུགས་རང་དབང་ཐད་ཀྱི་དམིགས་བསལ་རྟོག་ཞིབ་པ་དང་། སྨྲ་བརྗོད་དང་བསམ་བློ་རང་དབང་ཐད་ཀྱི་དམིགས་བསལ་རྟོག་ཞིབ་པ། མནར་གཅོད་བཀག་སྡོམ་ཐད་ཀྱི་དམིགས་བསལ་རྟོག་ཞིབ་པ། ཤེས་ཡོན་ཐོབ་ཐང་ཐད་ཀྱི་དམིགས་བསལ་རྟོག་ཞིབ་པ། རང་དབང་འདུ་འཛོམས་ཐོབ་ཐང་ཐད་ཀྱི་དམིགས་བསལ་རྟོག་ཞིབ་པ། ཁྲིམས་འགལ་འཇུ་བཟུང་དང་གར་སོང་ཆ་མེད་བཅས་ཀྱི་ལས་དོན་ཚོགས་ཆུང་མཉམ་ཐུག་འཕྲད་ཀྱིས་བོད་ནང་གི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།

གོང་གསལ་འགྲེལ་བརྗོད་དང་ཐུག་འཕྲལ་དེ་དག་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་འགན་འཛིན་གྱི་ཡིག་ཚང་ནང་གནང་ཡོད་པ་རེད། སྐབས་དེར་འདི་ག་ལྟེ་གནས་ཁང་གི་འགན་འཛིན་གྱིས། ཕྱི་ལོ་ ༢༠༡༡ ནས་རྒྱ་གཞུང་མགོ་ཁྲིད་ཚོས་བོད་ནང་དྲག་གནོན་ལས་རིམ་གང་དག་སྤེལ་ཡོད་མེད་ཀྱི་གནས་སྟངས་ཐད། དཔེར་ན། གཞི་རིམ་མང་ཚོགས་དང་དགོན་སྡེ་གྲྭ་ཚང་། འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན། སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་བཅས་ལ་ཕྱོགས་ཡོངས་ནས་སོ་ལྟ་རང་བཞིན་ཅན་གྱི་ལྟ་རྟོགས་དང་། དྲག་གནོན་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་བརྗོད་ཡོད། ལྷག་པར་དུ་བོད་ནང་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་། དེ་རྗེས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་བཅས་བྱུང་བ་ནས་བཟུང་། རྒྱ་གཞུང་གིས་རིམ་པ་གསུམ་གྱི་ཐོག་ནས་བོད་མིར་དྲག་གནོན་བྱེད་བཞིན་ཡོད་པ་སྟེ། གཅིག རང་ལུས་མེར་བསྲེགས་གནང་མཁན་ཚོར་ཡོངས་ཁྱབ་ཀྱིས་ཉེས་ཁྲིམས་བཅད་པ། གཉིས། ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་བཏང་བ། གསུམ། ཞི་བའི་སྐད་འབོད་ལ་རྒོལ་རྡུང་དྲག་པོ་བཏང་བ་བཅས་ཡིན།

གཞན་ཡང་། འདི་ག་ལྟེ་གནས་ཁང་གི་འགན་འཛིན་ནས། བོད་མིར་མནར་གཅོད་གཏོང་སྟངས་དང་འབྲེལ་བའི་སྐོར་ནས། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མི་སྣའི་དྲི་བར་ལན་འདེབས་གནང་ཡོད་པ་རེད། ཁོང་ཚོའི་དྲི་བ་མང་ཆེ་བ་ནི་མནར་གཅོད་དང་ཁྲིམས་འགལ་འཇུ་བཟུང་། གར་སོང་ཆ་མེད། ཆོས་ལུགས་དད་མོས། ཤེས་ཡོན་ཐོབ་ཐང་བཅས་རྡོག་རོལ་གནད་དོན་སྐོར་ཡིན་ལ། འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འདི་ག་ལྟེ་གནས་ཁང་གིས་བཟོ་བསྐྲུན་བྱས་པའི་ ༼ཤ་ཟད་རུས་ལ་མ་ཐུག་བར༽ཞེས་པའི་བོད་ནང་གི་མནར་གཅོད་སྐོར་གློག་བརྙན་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ཐད་ཀྱི་དམིགས་བསལ་སྐུ་ཚབ་ཡིག་ཚང་ལ་སྤྱན་འབུལ་ཞུས་ཡོད་པ་རེད།

ཕྱི་ཚེས་ ༢༠ ཉིན། ཡོ་རུབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་། སུད་བོད་རིགས་མཛའ་འབྲེལ་ཚོགས་པ་གཉིས་ཀྱིས་ཛི་རིག་གྲོང་ཁྱེར་དུ་གོ་སྒྲིག་བྱས་པའི་བོད་དོན་ལས་འགུལ་གྱི་མཛད་སྒོ་སྟེང་། འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཆེད་ཕེབས་ཀྱིས་དེར་འདུས་ཀྱི་བོད་མི་རྣམས་ལ། རྒྱ་གཞུང་གིས་ཁྲིམས་ལུགས་ཁ་ལ་ཁྱེར་ཏེ་བོད་ནང་ཞི་བའི་སྐད་འབོད་བྱེད་མཁན་དང་འཚེ་བ་མེད་པའི་ལས་འགུལ་སྤེལ་མཁན་ཚོར་མནར་གཅོད་གཏོང་བཞིན་པའི་གནས་སྟངས་སྐོར་ནས་གཏམ་བཤད་སྤེལ་ཡོད་པ་རེད། དེ་རྗེས་སྐུ་ཞབས་གནམ་ཁོ་ལགས་གྱིས། ༢༠༡༡ ལོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ། ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་། རང་ལུས་མེར་བསྲེགས་བྱུང་རྗེས་ས་གནས་སུ་རྒྱ་གཞུང་ཉེན་རྟོག་པས་དྲག་གནོན་དང་དམ་དྲག་བྱས་པའི་དངོས་མཐོང་གནས་སྟངས་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྒོ་མདུན་དུ་འདི་ག་ལྟེ་གནས་ཁང་གི་འགན་འཛིན་ལ་བཅར་འདྲི་གནང་བཞིན་པ།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྒོ་མདུན་དུ་འདི་ག་ལྟེ་གནས་ཁང་གི་འགན་འཛིན་ལ་བཅར་འདྲི་གནང་བཞིན་པ།

དེ་བཞིན། མཛད་སྒོའི་མཇུག་ཏུ་འདི་ག་ལས་ཁུངས་ཀྱིས་བཟོ་སྐྲུན་བྱས་པའི་ ༼ཤ་ཟད་རུས་ལ་མ་ཐུག་བར༽ ཞེས་པའི་གློག་བརྙན་དེ། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཐོག་དང་པོར་གཟིགས་འབུལ་ཞུས་ཡོད་པ་རེད། གློག་བརྙན་གཟིགས་འབུལ་བརྒྱུད་རྒྱ་ནག་གཞུང་གིས་བོད་མིར་མནར་གཅོད་གཏོང་བྱེད་ཀྱི་ལག་ཆ་སྤྱི་དང་། ཕྱིས་སུ་གསར་བཏོད་བྱས་པའི་རིགས་ཏེ། དཔེར་ན། སྟག་གི་རྐུབ་ལྕགས་དང་སྲོག་ལེན་ཉལ་ཁྲི་བཅས་ཀྱི་ཡ་ང་བའི་མནར་གཅོད་གཏོང་ཕྱོགས་སྐོར་ལ་ཤེས་རྟོགས་དང་། ལྷག་པར་དུ་བོད་ནང་རྒྱ་གཞུང་གི་མནར་གཅོད་དེ་རིགས་དངོས་སུ་མྱངས་ཤིང་། མནར་གཅོད་ལ་འཐབ་རྩོད་གནང་མཁན་ཚོའི་མི་ཚེ་ལོ་རྒྱུས་མཐོང་བ་བཅས་ལ་བརྟེན་ནས། གཟིགས་མོ་བ་རྣམས་ལ་སེམས་འགུལ་དྲག་པོ་ཐེབ་ཡོད་པ་རེད།

ཕྱི་ཚེས་ ༢༢ ཉིན། བོད་དོན་དྲིལ་བསྒྲགས་ལྷན་ཚོགས་དང་། ས་མཚམས་མེད་པའི་འཚེ་མེད་ཞི་བའི་ལྷན་ཚོགས་པ་གཉིས་གྱིས་གོ་སྒྲིག་བྱས་པའི་བགྲོ་གླེང་མཛད་སྒོར་འདི་ག་ལྟེ་གནས་ཁང་གི་འགན་འཛིན་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་ཁོ་མོས་བོད་མིའི་ཆོས་དང་རིག་གཞུང་། འབྲོག་པའི་འཚོ་གནས་སོགས་ཕྱོགས་གང་ཐད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྣམས། རྒྱ་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པའི་གཏམ་བཤད་སྤེལ་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དེ་དག་ཀྱང་། རྒྱ་གཞུང་གིས་ཁྲིམས་དང་སྲིད་ཇུས་ཁ་ལ་ཁྱེར་ཏེ་སྤེལ་གྱིན་ཡོད་པ་གསལ་འདོན་བྱས་ཡོད། དེའི་ཐད་དཀའ་ངལ་གཙོ་བོ་ནི་བོད་ནང་རང་དབང་ཅན་གྱི་ཁྲིམས་ཞིབ་པ་མེད་པ་དང་། རྒྱ་གཞུང་གིས་ཁྲིམས་རྣམས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་ལོག་པར་བེད་སྤྱོད་བཏང་བའི་ཐོག་ནས། བོད་ནང་བཙན་འཛུལ་དྲག་གནོན་བྱེད་ཀྱིན་ཡོད་པ་དེ་ཆགས་ཡོད་ལ། ལྷག་པར་དུ་རྒྱ་གཞུང་གི་རྩ་ཁྲིམས་ལ་འགྲེལ་བརྗོད་ཀྱི་ཐོབ་ཐང་ནི་རང་དབང་ཅན་གྱི་ཁྲིམས་ཞིབ་པར་མེད་པར། གུང་ཁྲན་ཏང་གི་སྟངས་འཛིན་འོག་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

གཞན་ཡང་། འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་ཕེབས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་མི། རང་དབང་འཐབ་རྩོད་པ་བཅས་ལ་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད།

to top