ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་བ་རྫོང་ཐོག་ཏུ། གྲྭ་བློ་བཟང་འཕྲིན་ལས་ལགས་ཀྱིས་ཞི་བའི་སྐད་འབོད་ངོ་རྒོལ་གནང་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཉིན་དེའི་དགོང་མོར་གྲྭ་བློ་བཟང་ལུང་རིགས་ལགས་ཀྱང་དགོན་པའི་ནང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་༤ ཙམ་ལ། བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༡ ཡས་མས་ཡིན་པའི་གྲྭ་བློ་བཟང་འཕྲིན་ལགས་ཀྱིས། ༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་མཉམ་སྦྱར་བྱས་པའི་འདྲ་པར་ཆེན་པོ་ཞིག་ལག་མགོར་མཐོན་པོར་འཕྱར་ཏེ། ༼༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས།༽ ཞེས་སྐད་འབོད་བྱེད་བཞིན། རྔ་པ་རྫོང་གི་གཞུང་ལམ་དཀྱིལ་ནས་གོམ་བགྲོད་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད། ཡིན་ནའང་། ཁོང་གིས་སྐད་འབོད་གོམ་བགྲོད་ཀྱིས་ཉེན་རྟོག་ལས་ཁུངས་ཀྱི་མདུན་ཐད་ཀྱི་གཞུང་ལམ་སྟེང་སླེབས་མ་ཐག རྒྱ་གཞུང་ཉེན་རྟོག་འཕྲལ་དུ་ཁོང་འཇུ་བཟུང་གིས་གཅར་རྡུང་བྱེད་བཞིན་བཙན་ཁྲིད་བྱས་འདུག
གནས་ཚུལ་དེ་བྱུང་མ་ཐག་ས་གནས་དེ་གར་ཡོད་པའི་བོད་མི་རྣམས་ཀྱིས་དེར་མཐུད་ནས་སྐད་འབོད་བྱས་ཡོད་ཀྱང་། དེ་མ་ཐག་དྲག་ཆས་དམག་དཔུང་སོགས་འབྱོར་ཏེ་གང་བྱུང་གཅར་རྡུང་གཏོང་བཞིན་མི་མང་ཁ་འཐོར་དུ་བཏང་ཡོད་པར་མ་ཟད། སྐབས་དེར་བོད་མི་རེ་ཟུང་ཉེན་རྟོག་པའི་ལག་ཏུ་ཤོར་ཏེ་བཙན་ཁྲིད་བྱས་འདུག ཞི་རྒོལ་དེ་གནས་ཚུལ་དེ་བྱུང་རྗེས་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་ལ་དྲག་ཆས་དམག་དཔུང་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ནན་པོ་བྱས་ཡོད་འདུག
གྲྭ་བློ་བཟང་འཕྲིན་ལས་ཀྱི་ཕ་ཡུལ་ནི་བོད་མདོ་སྨད་རྔ་བ་རྨེའུ་རུ་མའི་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ནོར་ལྡན་དང་མའི་མིང་ལ་མཆོག་གསུམ་ཟེར། ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ད་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག
གཞན་ཡང་། ཕྱི་ཚེས་ ༢༦ ཉིན་གི་དགོང་མོར་རྔ་བ་ཀིརྟི་དགོན་པའི་གྲྭ་རང་ལོ་ ༢༠ ཡས་མས་ཡིན་པ་བློ་བཟང་ལུང་རིགས་ལགས། རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག ཁོང་འཇུ་བཟུང་དགོས་པའི་རྒྱུ་མཚན་དང་ད་ལྟའི་ཆར་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག
གྲྭ་བློ་བཟང་ལུང་རིགས་ལགས་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཡིན་ལ། ཁོང་གི་ཕའི་མིང་ལ་རས་རས་དང་མའི་མིང་ལ་ལྷ་མོ་སྒྲོན་ཟེར། ཁོང་ཡང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག