བོད་མདོ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་མི་སེང་གེ་ཟེར་བ་ཞིག་གིས་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་འཕྲལ་དུ་ཁོང་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མདོ་ཁམས་དཀར་མཛེས་རྫོང་དུ། མིང་ལ་སེང་གེ་ཟེར་བའི་བོད་མི་ཞིག་གིས་”༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས་”ཞེས་སྐད་འབོད་བྱེད་བཞིན། རླུང་རྟ་གནམ་ལ་གཏོར་ཏེ་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་ལམ་སང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པར་ས་གནས་ཡུལ་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། བོད་མི་སེང་གེ་ལགས་ཀྱིས་ཉིན་ཤས་སྔོན་ལ་༧གོང་ས་མཆོག་ཞབས་ཐང་དུ་ཕེབས་བཞིན་པའི་བརྙན་ཐུང་ཞིག་མཇལ་ཞོར། ༧གོང་ས་མཆོག་དགུང་ལོ་བགྲེས་པོ་ཕེབས་ཡོང་གི་འདུག བླ་མ་མཇལ་མ་ཐུབ་ན་གསོན་པོར་བསྡད་ཀྱང་སྙིང་པོ་མེད་ཚུལ་སོགས་བཤད་ཞོར་ཐེངས་མང་ངུས་ཡོད་འདུག
ད་ལྟའི་ཆར་ནང་མི་དང་གཉེན་ཉེ་ཚོས་ཁོང་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་ཁ་གསལ་མ་ཤེས་པ་དང་། དེ་བཞིན། བཀག་ཉར་ཁང་དུ་ཉེན་རྟོག་པས་ཁོང་ལ་མནར་གཅོད་གདུག་རྩུབ་གཏོང་རྒྱུར་བློ་འཚབ་དང་། ཁོང་གི་གཟུགས་པོའི་འཕྲོད་བསྟེན་ཐད་ནང་མི་རྣམས་ཀྱིས་སེམས་ཁྲེལ་ཆེན་པོ་བྱེད་བཞིན་ཡོད་འདུག
སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་སེང་གེ་ལགས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་སྐབས་ཀྱི་བརྙན་ཐུང་འགའ་རེ་ཐོན་ཡོད་པ་ལས། ཁོང་གིས་སྲང་ལམ་ཏུ་རླུང་རྟ་གཏོར་བཞིན་སྐད་འབོད་བྱེད་སྐབས། ཉེན་རྟོག་པ་སྐོར་ཅིག་རྒྱུགས་ཡོང་ནས་ཁོང་འཇུ་བཟུང་བྱས་ཡོད་པ་དང་། དེ་བཞིན། ཉེན་རྟོག་པ་དེ་དག་མང་པོ་ཞིག་གིས་ཁོང་གིས་གཏོར་བའི་རླུང་རྟ་རྣམས་སྲང་ལམ་ནས་སྒྲུག་ཏེ་ཕྱིར་བསྡུ་བྱེད་བཞིན་པ་མཐོང་ཐུབ་ཀྱི་འདུག
བོད་མི་སེང་གེ་ལགས་ནི་རང་ལོ་ ༢༩ ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་དྲག་གནོན་དབང་བསྒྱུར་མི་སེར་སྤེལ་བའི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་རྫ་ཁོག་ཤང་ཁྲ་དྷབ་གྲོང་ཚོ་ནས་ཡིན་པ་རེད། ཁོང་གི་ཕའི་མིང་ལ་བློ་དགའ་དང་མའི་མིང་ལ་བོ་ཅག་ཟེར། དེང་སྐབས་ཁོང་དཀར་མཛེས་རྫོང་གི་ཉེ་འདབས་དར་མདོ་གྲོང་རྡལ་དཀར་རབ་གྲོང་དུ་མག་པར་ཕྱིན་ཡོད་པ་དང་། ཁོང་གི་ཁྱིམ་དུ་བཟའ་ཟླ་དབྱངས་ཅན་ཆོས་མཚོ་དང་ཕྲུ་གུ་ཆུང་ཆུང་གཅིག བཟའ་ཟླའི་ཨ་མ་བཅས་ཡོད་འདུག
གཤམ་གསལ་དྲ་ཐག་བརྒྱུད་བརྙན་ཐུང་ལ་གཟིགས་ཐུབ།
https://www.youtube.com/watch?v=HfNwt3FUQh8&feature=youtu.be
https://www.facebook.com/lhasetsang/videos/853015164796545/?pnref=story