སོག་ཙན་དན་དགོན་པའི་གྲྭ་ངག་དབང་འགྱུར་མེད་ལགས་མི་ལོ་ ༡༥ བཙོན་འཇུག་དུས་ཡུན་རྫོགས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གློད་གྲོལ་ཐོབ་ཡོད་པ་རེད།
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡ དང་ཕྱེད་ཀ་ཙམ་གྱི་སྟེང་། སོག་ཙན་དན་དགོན་པའི་གྲྭ་ངག་དབང་འགྱུར་མེད་ལགས། ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་ལོ་ ༡༥ དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་གློད་གྲོལ་ཐོབ་ཡོད་པ་རེད།
གྲྭ་ངག་དབང་འགྱུར་མེད་ལགས་ནི་སོག་རྫོང་དབྲོག་རྟ་གྲོང་ཚོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་འཇུ་བཟུང་བྱ་དགོས་པའི་རྒྱུ་རྐྱེན་ནི། ཁོང་གིས་ ༢༠༠༠ ལོའི་ཟླ་ ༣ པའི་ནང་ “༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཅིག” ཅེས་ཤིང་པར་རྒྱབ་པའི་ཡིག་ཆ་པར་སྐྲུན་བྱས་ཏེ། མི་མང་འདུ་འཛོམས་ཆེ་བའི་ས་ཁུལ་དུ་སྦྱར་བ་དང་འགྲེམས་གཏོར་བྱས་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༡༧ ཉིན་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས། རྒྱ་གཞུང་གིས་ཁོང་ལ་ “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་དང་ངན་སྐུལ་དྲིལ་བསྒྲགས་བྱས་པའི” ཉེས་འཛུགས་འོག ལོ་དེའི་ལོ་འཇུག་ལ་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ངག་དབང་འགྱུར་མེད་ལ་ལོ་ ༡༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ། དང་ཐོག་ལྷ་སའི་གྲྭ་བཞི་བཙོན་ཁང་དང་། དེ་རྗེས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
གྲྭ་ངག་དབང་འགྱུར་མེད་ལགས་བཙོན་འོག་སྡོད་པའི་དུས་ཡུན་རིང་། ཁོང་གི་ཨ་ཕ་ཚེ་ལས་འདས་པ་དང་། དེའི་ཐོག་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱོང་དགོས་བྱུང་སྟབས། ཁོང་ལ་གློ་གཅོང་གི་ན་ཚ་ཕོག་ཡོད་པ་རེད། ཡིན་ནའང་། བཙོན་ཁང་གི་སྨན་པས་ནད་ངོས་མ་ཟིན་པའམ་སྨན་བཅོས་བརྟག་དཔྱད་ཡག་པོ་མ་བྱས་པར། ལོ་གཅིག་ཙམ་རིང་ལ་སྨན་ལོག་སྤྲད་དེ་ཤི་གསོན་གྱི་མཚམས་ལ་བསྐྱལ་ཡོད་པ་རེད། རྗེས་སུ་བཙོན་རོགས་དང་སྤུན་ཉེ་དག་གི་ཞུ་འབོད་བྱས་པར་བརྟེན་ནས། སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་ནས་ད་གཟོད་ན་ཚ་སྨན་བཅོས་བྱེད་ཐུབ་ཙམ་བྱུང་ཡོད་པ་རེད།
གཞན་ཡང་། དེ་སྔོན་གྲྭ་ངག་དབང་འགྱུར་མེད་ལགས་འཇུ་བཟུང་སྐབས། ཁོང་དང་མཉམ་དུ་སོག་ཙན་དན་དགོན་པའི་གྲྭ་སིས་མཁས་གྲུབ་དང་། ཡེ་ཤེས་བསྟན་འཛིན། བསྟན་འཛིན་ཆོས་དབང་། མི་སྐྱ་ཁྲག་རུ་ཡེ་ཤེས་དང་ཚེ་རིང་ལྷ་མགོན་བཅས་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན། ༢༠༠༠ ལོ་མཇུག་ཏུ་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་ཐག་གཅོད་སྐབས། ཁོང་དང་མཉམ་དུ་གྲྭ་སིས་མཁས་གྲུབ་ལ་ཚེ་བཙོན་དང་། གྲྭ་ཡེ་ཤེས་བསྟན་འཛིན་ལ་ལོ་ ༡༠ ། མི་སྐྱ་ཚེ་རིང་ལྷ་མགོན་ལ་ལོ་ ༡༥ ། མི་སྐྱ་ཁྲག་རུ་ཡེ་ཤེས་ལ་ལོ་ ༧ བཅས་ཀྱི་དུད་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
ད་ལྟའི་ཆར་གྲྭ་ངག་དབང་འགྱུར་མེད་བཙོན་འཇུག་དུས་བཀག་རྫོགས་ཏེ་གློད་གྲོལ་ཐོབ་ཡོད་ནའང་། རྒྱ་གཞུང་གིས་བཙོན་འཇུག་དུས་ཡུན་རིང་ངན་གཡོའི་སྦྱོར་ངན་བརྩམས་ནས། ཁོང་ཡུན་རིང་འཚོ་སྡོད་མི་ཐུབ་པའི་གནས་སྟངས་འོག་བསྐྱལ་ཡོད་སྲིད་པའི་ཐད། ཁོང་གི་ནང་མི་རྣམས་ཀྱིས་དོགས་སློང་དང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག དེའི་རྒྱུ་མཚན་ནི་དེ་སྔོན་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་གྲྭ་བསྟན་འཛིན་ཆོས་དབང་ལགས་གློད་གྲོལ་བཏང་སྟེ་ཕྱིར་ཡུལ་དུ་ལོག་རྗེས། ལོ་གསུམ་ཙམ་རིང་གཟུགས་པོ་ནད་མནར་གྱིས་མལ་སར་ལྷུང་མཐར་འདས་གྲོངས་ཕྱིན་པ་དང་། གྲྭ་ཡེ་ཤེས་བསྟན་འཛིན་ལགས་ཀྱང་གློད་གྲོལ་བཏང་ནས་ཟླ་གཉིས་རྗེ་སུ་འདས་གྲོངས་ཕྱིན་ཡོད་པ་རེད།
ངག་དབང་འགྱུར་མེད་ལགས་བཙོན་འོག་མ་ཚུད་པའི་སྔོན་ལ། ཁོང་རང་ལོ་ ༢༠ ་ཙམ་ནས་ཙན་དན་དགོན་པའི་ནང་གྲྭ་བྱས་ཏེ་ནང་པའི་ཆོས་ལ་སློབ་གཉེར་དང་འབྲེལ། དགོན་པ་གསར་བཞེངས་སྐབས་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས། དགོན་པའི་རྡོ་བཟོ་བ་དང་ཤིང་གཤགས་པའི་ཕྱག་ལས་གནང་བ་སོགས། མདོར་ན་དགོན་པ་གསར་བཞེངས་ཀྱི་ལས་མི་གཙོ་བོའི་གྲས་ཤིག་ཆགས་ཡོད་པ་རེད།