༢༠༡༣ ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་མདོ་སྨད་འཛམ་ཐང་ཇོ་ནང་དགོན་པའི་ཉེ་འཁྲིས་ནས། རང་ལོ་ ༢༠ ཡིན་པའི་བོད་རིགས་བུད་མེད་ཕྱུག་མཚོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱ་གཞུང་གིས་འཕྲལ་དུ་སྐུ་ཕུང་མེར་བསྲེག་གཏོང་དགོས་པའི་འཇིགས་སྐུལ་བཙན་དྲག་བྱས་པར་བརྟེན། ཉིན་དེའི་མཚན་མོ་དེ་རང་ལ་སྐུ་ཕུང་ཞུགས་འབུལ་བྱེད་དགོས་བྱུང་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ། ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་བོད་ནང་ཕྱི་དྲོའི་དུས་ཚོད་ ༣ ཡས་མས་ཤིག་ལ། ད་ལྟའི་རྒྱ་གཞུང་གིས་བོད་ཁུལ་བཅད་བཟུང་གི་ས་བགོས་ཁྱབ་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་གི་ཁོངས་སུ་ཡོད་པའི་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་དུ། རང་ལོ་ ༢༠ ཡིན་པའི་བོད་རིགས་བུད་མེད་ཕྱུག་མཚོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་གྱུར་ཡོད་འདུག
སྐབས་དེར་ས་གནས་མི་མང་གིས་ཁོང་མོའི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་དུ་གདན་འདྲེན་ཞུས་ཏེ། དགོན་པར་རྒྱུན་སྡོད་བླ་གྲྭ་རྣམས་ཀྱིས་ཕོ་ལུང་དང་བསྔོ་སྨོན་གསུངས་རྗེས། སྐུ་ཕུང་ཕྱིར་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག རྗེས་སུ་ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས་བཙན་བཀའ་བཏང་སྟེ། ཁོང་མོའི་སྐུ་ཕུང་ཉིན་དེའི་མཚན་མོར་ཞུགས་འབུལ་བྱེད་དགོས་སྐོར་བརྗོད་ཡོད་སྟབས། མཚན་མོ་དེ་རང་ལ་སྐུ་ཕུང་ཞུགས་འབུལ་བྱེད་དགོས་བྱུང་ཡོད་འདུག
བོད་པའི་སྲོལ་རྒྱུན་ལྟར་ན་མི་འདས་གྲོངས་ཕྱིན་རྗེས་མོ་ལུང་རྩིས་གསུམ་གནང་སྟེ་ཕུང་པོ་ཞུགས་འབུལ་གྱི་དུས་ཚེས་གཏན་འབེབས་གནང་སྟེ། འདས་མཆོད་ཀྱི་ཆོ་ག་རྣམས་ལེགས་པར་སྒྲུབ་རྗེས་སྐུ་ཕུངས་ཞུགས་འབུལ་བྱེད་དགོས་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་བཙན་དྲག་འཇིགས་སྐུལ་བྱས་པར་བརྟེན་ནས། རང་སྲེག་གིས་འདས་གྲོངས་ཕྱིན་མཁན་རྣམས་ལ་ཆོས་ཕྱོགས་ཀྱི་འདས་མཆོད་ཙམ་སྒྲུབ་རྒྱུའི་རང་དབང་ཙམ་ཡང་མེད་པར་སོ་སོའི་མི་འདོད་བཞིན་དུ་འཕྲལ་དུ་སྐུ་ཕུང་ཞུགས་འབུལ་ཞུ་དགོས་འབྱུང་བཞིན་ཡོད་པ་རེད། ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་འཛམ་ཐང་དུ་སྐལ་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་སྐབས་ཀྱང་། ས་གནས་རྒྱ་གཞུང་གིས་འཕྲལ་དུ་ཁོང་མོའི་སྐུ་ཕུང་ཞུགས་འབུལ་མ་ཞུས་ཚེ་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པར་བརྟེན། འདས་གྲོངས་ཕྱིན་པའི་མཚན་མོ་དེ་རང་ལ་སྐུ་ཕུང་ཞུགས་འབུལ་ཞུ་དགོས་བྱུང་ཡོད་ལ། དེ་བཞིན་རྔ་པ་ཁུལ་དུ་རང་བསྲེགས་གནང་མཁན་ཁག་ཅིག་གི་སྐུ་ཕུང་རྒྱ་གཞུང་གིས་བཙན་འཁྱེར་བྱས་རྗེས། ནང་མིར་ཕྱིར་རུས་ཐལ་ཙམ་ལས་གང་ཡང་རྩིས་སྤྲོད་མ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་ཕྱུག་མཚོ་ལགས་ཀྱི་ཕ་ཡུལ་ནི། མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་ལ། ཁོང་མོའི་ཕའི་མིང་ལ་བསྟན་ཁོ་དང་མའི་མིང་ལ་སྒྲོན་སྐྱིད་ཟེར་ཞིང་། ཁོང་མོར་ལོ་ ༣ ཅན་གྱི་བྱིས་པ་ཞིག་ཡོད་འདུག
འཛམ་ཐང་བར་མ་ཡུལ་ཚོ་ནི་འཛམ་ཐང་དགོན་པའི་ཉེ་འདབས་སུ་ཆགས་ཡོད་པ་དང་། ཞིང་ཕྱུག་གཉིས་ཀ་མཉེར་མཁན་གྱི་གྲོང་ཚོ་ཞིག་ཡིན་ལ། ད་སྐབས་དགོན་གྲོང་གཉིས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་བཀག་སྡོམ་བྱས་ཡོད་འདུག ཕྱུག་མཚོ་ལགས་ནི་བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་ ༡༡༥ པ་དེ་ཆགས་ཡོད་ལ། ད་ལྟའི་བར་འཛམ་ཐང་དུ་སྔ་ཕྱིར་ལུས་མེར་བསྲེགས་གཏོང་མཁན་ ༦ བྱུང་ཡོད་པ་རེད།