མདོ་སྨད་ཛམ་ཐང་དུ་སླར་ཡང་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་གནང་འདུག

ལོ་སྔོན་མའི་ལོ་མཇུག་ཙམ་ནས་བཟུང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་སོ་སོའི་ནང་།  རང་སྲེག་ལ་ངོ་རྒོལ་གྱི་ལས་འགུལ་ཅིག་གཞི་རྒྱ་ཆེ་བ་ཞིག་སྤེལ་མགོ་བརྩམས་ཏེ།   བོད་ཁུལ་གྱི་དགོན་སྡེ་ཁག་གཙོས་གཞི་རིམ་གྲོང་སྡེ་ཁག་ནང་དམག་མི་འགྲེམས་འཇོག་དང་། ལས་བྱེད་ཆེད་གཏོང་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་གྱི་ཡོད་ལ། དྲག་གནོན་གྱི་བྱ་སྤྱོད་ཁོ་ན་ལ་བརྟེན་ནས་བོད་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནས་སྟངས་འགོག་ཐབས་བྱས་པ་ལ་བརྟེན་ནས། བོད་ནང་རང་ལུས་མེར་བསྲེགས་ངོ་རྒོལ་མུ་མཐུད་འབྱུང་བཞིན་ཡོད་ལ།  ཉེ་ཆར་མདོ་སྨད་འཛམ་ཐང་དུ་སླར་ཡང་བོད་རིགས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་གནང་སྟེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་འདུག  ཁོང་མོ་ནི་ས་ཁུལ་དེར་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ ༥ པ་དེ་ཆགས་ཡོད།

མདོ་སྨད་འཛམ་ཐང་དུ་རང་ལུས་མེར་བསྲེགས་གནང་མཁན་སྐལ་སྐྱིད།
མདོ་སྨད་འཛམ་ཐང་དུ་རང་ལུས་མེར་བསྲེགས་གནང་མཁན་སྐལ་སྐྱིད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ།  ཕྱི་ཟླ་ ༣ ཚེས་ ༢༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣ དང་སྐར་མ་ ༣༠ ཙམ་ལ། མདོ་སྨད་འཛམ་ཐང་ཇོ་ནང་དགོན་པའི་འགྲམ་དུ་རང་ལོ་ ༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ལགས་ཀྱིས།  རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་།  ཁོང་མོའི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་དུ་གདན་འདྲེན་བྱས་ཏེ་གྲྭ་པ་རྣམས་ཀྱིས་ཕོ་ལུང་དང་མཆོད་འབུལ་སྨོན་ལམ་གསུང་ཡོད་འདུག  ཡིན་ནའང་། ས་གནས་རྫོང་སྲིད་གཞུང་དང་ཉེན་རྟོག་པས་འདས་པོའི་སྐུ་ཕུང་ཉིན་དེའི་མཚན་མོའི་དུས་ཚོད་ ༡༢ ཀྱི་བར་ལ་ངེས་པར་དུ་ཞུགས་འབུལ་དགོས་པའི་བཙན་བཀའ་བཏང་པ་དང་། གལ་སྲིད་དེ་ལྟར་མ་བསྒྲུབ་ཚེ་ཁོང་མོའི་སྐུ་ཕུང་བཙན་ཁྱེར་བྱ་རྒྱུ་ཡིན་ཚུལ་བརྗོད་པར་བརྟེན། ཉིན་དེའི་མཚན་མོའི་དུས་ཚོད་ ༡༢ སྟེང་སྐུ་ཕུང་ཞུགས་འབུལ་ཞུ་དགོས་བྱུང་ཡོད་འདུག

སྐལ་སྐྱིད་ལགས་ནི་མདོ་སྨད་འཛམ་ཐང་བར་བ་ཡུལ་ཚོའི་པས་བ་ཚང་གི་ཡིན་ཞིང་། ཁོང་མོའི་ཤུལ་དུ་མིང་ལ་བདེ་རྣམ་དང་པོ་ཆུང་། བསོ་པོ། བུ་མོ་ཆུང་བཅས་རང་ལོ་ ༡༥ མན་གྱི་བྱིས་པ་བཞི་ཡོད་འདུག  ཁོང་མོའི་ཁྱོ་གའི་མིང་ལ་གྲུས་པེ་དང་། ཕ་མིང་ལ་མཆོག་ལྡན། མ་མིང་ལ་དཔའ་རིས་འབོད་ཀྱི་ཡོད་འདུག

ད་ལྟའི་བར་མདོ་སྨད་འཛམ་ཐང་ས་ཁུལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་སྣང་གྲོལ་དང་། ཆོས་འཕགས་སྐྱབས། བསོད་ནམས། རི་ཀྱོ། སྐལ་སྐྱིད་བཅས་ལྔ་བྱུང་ཡོད།

to top