མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གིས་རེས་འཁོར་སྙན་ཐོ་འབུལ་རྒྱུའི་དུས་ཚོད་ཟིན་ལ་ཉེ་བར་བརྟེན་འདི་ག་ལྟེ་གནས་ཁང་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དཔྱད་གཞིའི་སྙན་ཐོ་ཕུལ་ཡོད། 

ཕྱི་ལོ་ ༢༠༢༤ ལོའི་ཟླ་དང་པོའི་ནང་དུ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་ལག་བསྟར་ཅི་ཙམ་བྱུང་མིན་ཐད་ཡོངས་ཁྱབ་རེས་འཁོར་སྙན་ཐོ་ Universal Periodic Review (UPR) ཐེངས་བཞི་པ་སྙན་འབུལ་བྱ་རྒྱུའི་དུས་ལ་འཁེལ་ཡོད་པར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་རང་དབང་ལྡན་པའི་དཔྱད་གཞིའི་སྙན་ཐོ་ཕུལ་ཡོད།  

དཔྱད་གཞིའི་སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་བཀག་བསྡོམས་བྱས་པའི་གནས་ཚུལ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྡོག་རོལ་ཐེབས་བཞིན་པ། བོད་ནང་དུ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་ཀྱི་རང་དབང་སོགས་མེད་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཀག་ཉར་འོག་ཚུད་མཁན་ཚོར་མནར་གཅོད་དྲག་པོ་ཐེབས་བཞིན་ཡོད་པ་དང།  དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་རག་གི་མེད་པའི་གནད་དོན་སོགས་གསལ་འདོན་བྱས་ཡོད།  

འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གི་རེས་འཁོར་སྙན་ཐོ་ཐེངས་བཞི་པའི་གྲོས་གླེང་ནང་དུ་གོང་གསལ་གནད་དོན་ཁག་གི་སྒང་གླེང་སློང་དང་དོ་སྣང་ཡོང་བའི་སླད་དུ་ད་དུང་མུ་མཐུད་རྒྱལ་ས་ལྡི་ལིའི་ནང་གི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག དེ་བཞིན་སུད་སི་ཇེ་ནི་ཝ་ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་དོན་གཅོད་མི་སྣ་སོགས་ལ་བཅར་ཏེ་རེ་ཞུའི་ལས་འགུལ་སྤེལ་འཆར་ཡོད།  

ལྟེ་གནས་ཁང་གིས་དཔྱད་གཞིའི་སྙན་ཐོ་དེར་གཤམ་གསལ་ལྟར་སྐུལ་འདེབས་ཞུས་ཡོད།  

༡༽ བོད་མི་རྣམས་ལ་རང་གི་སྐད་ཡིག་དང་། ཤེས་ཡོན། ལོ་རྒྱུས་སོགས་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་སོགས་རིག་གཞུང་རྒྱུན་འཛིན་གྱི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་ཚུལ་བཞིན་སྤྲོད་དགོས། 

༢༽ རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་ལྷ་སྐུ་རྟེན་གསུམ་དང་། ལྷ་ཁང་དང་གྲྭ་ཤག་སོགས་གཏོར་བཤིག་གཏོང་བ་མཚམས་འཇོག་དགོས།  

༣༽ བོད་ནང་འདུ་འཛོམས་རང་དབང་དང་སྨྲ་བརྗོད་རང་དབང་ཚུལ་བཞིན་སྤྲོད་དགོས།  

༤༽ བོད་ནང་གི་སློབ་གྲྭ་ཁག་ཏུ་བསླབ་གཞིའི་སྐད་ཡིག་བོད་ཡིག་ཡིན་པའི་སློབ་གསོའི་ལམ་ལུགས་བསྐྱར་གསོ་བྱེད་དགོས་པ་དང་།  བོད་ཀྱི་སྒེར་བཙུགས་སློབ་གྲྭ་ཁག་སྒོ་བརྒྱག་པའི་ལས་གཞི་མཚམས་འཇོག་དགོས། 

༥༽ བོད་མི་ཚོར་རང་དབང་ལྡན་པའི་ཁྲིམས་རྩོད་པ་གླ་རྒྱུ་དང་།  དྲང་བདེན་དང་ཕྱི་གསལ་ནང་གསལ་ཡིན་པའི་ཁྲིམས་བཤེར་གྱི་གོ་སྐབས་སྤྲོད་དགོས། མ་ཟད་བོད་མི་ཚོར་ཁྲིམས་རྩོད་བྱེད་མཁན་ལ་འཇིགས་སྐུལ་གཏོང་བའི་སྦྱོར་བ་མཚམས་འཇོག་དགོས།    

༦༽ རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རྒྱ་ནག་གི་ཁྲིམས་ཡིག་ནང་དུ་མནར་གཅོད་ཀྱི་གོ་དོན་གསལ་པོ་འཁོད་དགོས་པ་མ་ཟད། མནར་གཅོད་ཀྱི་སྒོ་ནས་ནག་ཉེས་གང་བཀལ་བར་ཁས་ལེན་བྱེད་དུ་འཇུག་པའི་གདུག་རྩུབ་ཀྱི་སྦྱོར་བ་མཚམས་འཇོག་དགོས།  

༧༽ ཁྲིམས་ཀྱི་སྲུང་སྐྱོབ་ལས་འདས་པའི་བཀག་ཉར་ཁང་དང་བསྒྱུར་བཀོད་ཁང་གི་རིགས་རྣམས་སྒོ་བརྒྱབས་ཏེ་གང་བྱུང་འཇུ་བཟུང་གི་སྦྱོར་བ་མཚམས་འཇོག་དགོས། 

༨༽ རྒྱ་གཞུང་གིས་རེས་འཁོར་སྙན་ཐོ་སོགས་དུས་ལྟར་ཕུལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཁག་ལ་ཚུལ་མཐུན་གྱི་མཉམ་ལས་བྱེད་དགོས།  

༩༽ རྒྱ་གཞུང་གིས་མི་ཐམས་ཅད་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་གདམ་ང་ཅན་གྱི་གྲོས་མཐུན་ཡིག་ཆ་གཉིས་པ། མནར་གཅོད་འགོག་པའི་གདམ་ང་ཅན་གྱི་གྲོས་མཐུན་ཡིག་ཆ། དེ་བཞིན་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་སོགས་ལག་བསྟར་ཁས་ལེན་བྱེད་དགོས། 

༡༠༽ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་ཡོད་རྒྱུས་ལོན་ཆེད་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་དང་། རྒྱལ་སྤྱིའི་དོན་དངོས་ལྟ་ཞིབ་སྐུ་ཚབ་ཚོགས་པ་སོགས་བོད་ནང་གི་ས་ཁུལ་གང་སར་གཏོང་དགོས།  

༡༡༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མནར་གཅོད་དང་ཆོས་དད་རང་དབང་། གང་བྱུང་འཇུ་བཟུང་སོགས་ཀྱི་གནད་དོན་རྟོག་ཞིབ་བྱེད་མཁན་གྱི་ཆེད་མཁས་མི་སྣ་ཚོ་དུས་ངེས་མེད་དུ་བོད་ནང་དུ་ལྟ་སྐོར་བྱེད་དུ་ཡོང་ཆོག་པའི་ཆོག་མཆན་སྤྲོད་དགོས། 

ལྟེ་གནས་ཁང་གིས་ཕུལ་བའི་དཔྱད་གཞིའི་སྙན་ཐོ་ཆ་ཚང་འདི་ནས་ལྟ་ཀློག་བྱེད་ཐུབ།

to top