ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༢ ཉིན། རྒྱ་ནག་གཞུང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་སུ་བདམས་ཡོད་པ་རེད། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནི། ཕྱི་ལོ་ ༢༠༠༦ ལོར་གསར་དུ་འཛུགས་ཤིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ལྟ་རྟོགས་བྱེད་མཁན་ཚོགས་སྡེ་གལ་ཆེ་ཤོས་དེ་ཆགས་ཡོད། ཚོགས་ཆུང་དེར་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་བརྒྱུད་འདེམས་ཐོན་གནང་གི་ཡོད་ལ། ཚོགས་ཆུང་གི་འོས་འགན་གཙོ་བོ་ནི་འཛམ་གླིང་ཡུལ་ལུང་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྲུང་སྐྱོབ་དང་ཡར་རྒྱས། རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཚང་མའི་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དང་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས་པ་དེ་ཆགས་ཡོད།
འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་སུ་རྒྱ་གཞུང་འདེམས་ཐོན་ཡོང་ཉེན་ཐད། འདས་པའི་ཟླ་འགའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧ་ཅང་བློ་འཚབ་ཆེན་པོ་གནང་ཡོད། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༦༠། ༢༥༡ པའི་དོན་ཚན་བརྒྱད་པའི་ནང་། ༼འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་འོས་འདེམས་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དག་གིས་འོས་མི་རྒྱལ་ཁབ་གང་དེས། འདས་པའི་དུས་ཡིན་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་སྲུང་སྐྱོབ་ཐད། རང་ངོས་ནས་བྱས་རྗེས་དང་ནུས་པ་ག་རེ་བཏོན་ཡོད་མེད་གཞི་རྩར་བཟུང་བའི་ཐོག་ནས་འོས་འདེམས་བྱ་དགོས།༽ ཞེས་གསལ་ཡོད་མོད། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པའི་དངོས་ཡོད་གནས་སྟངས་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་མང་པོས་ངོ་རྒོལ་བྱས་མིན་ལ་མ་བལྟོས་པར། ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་སུ་རྒྱ་ནག་གཞུང་འདེམས་ཐོན་བྱུང་ཡོད་པ་རེད།
ཡིན་ནའང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་སུ་རྒྱ་གཞུང་འདེམས་ཐོན་བྱུང་བ་དེས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ནག་ཉེས་བདའ་འདེད་བྱ་མི་ཆོག་པ་མཚོན་གྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ ༦༠། ༢༥༡ པའི་དོན་ཚན་བརྒྱད་པའི་ནང་། ༼གལ་སྲིད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གང་རུང་གི་ངོས་ནས། འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་མ་བྱས་པར་བརྡལ་བཤིག་བཏང་ཚེ། རྒྱལ་ཚོགས་ཀྱི་གྲོས་ཚོགས་ངོས་ནས་སུམ་ཆའི་གཉིས་ཀྱི་མང་མོས་འོས་ཤོག་བརྒྱུད། རྒྱལ་ཁབ་གང་དེ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་ནས་ཕྱིར་འཐེན་བྱ་ཆོག༽ཅེས་གསལ་ཡོད།
དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་སུ་རྒྱ་གཞུང་འདེམས་ཐོན་བྱུང་བ་དེས། འབྱུང་འགྱུར་གྱི་དུས་ཡུན་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་གཞིར་བཟུང་། སོ་སོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་དང་སྲུང་སྐྱོབ་ཡོང་ཐབས་ཐད། ངེས་པར་དུ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་གོམ་པ་གསར་བ་ཞིག་རྒྱག་དགོས་ཆགས་ཡོད། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་ཀྱི་ལས་དོན་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་གྲོས་ཆོད་དོན་ཚན་དགུ་པའི་ནང་། ༼འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ནི། རྒྱལ་སྤྱིའི་ཚད་མཐོའི་འགྲོ་བ་མིའི་ཐོབ་ཐང་གནས་ཚད་ལ་ངེས་པར་དུ་བསླེབས་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་མཉམ་འབྲེལ་ཐོག ཚོགས་མི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་སྔར་ལས་ལྷག་པར་དོ་སྣང་དང་རྟོགས་ཞིབ་བྱ་དགོས ༽ སྐོར་གསལ་ཡོད།
ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གསར་འདེམས་བྱུང་ཟིན་པ་ལྟར། གལ་སྲིད་ཚོགས་མི་རྒྱལ་ཁབ་དག་གིས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཆག་དང་བརྡལ་བཤིག་བཏང་བ་ཡིན་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཆེ་མཐོང་དང་ནུས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན།
དེར་བརྟེན། ཚོགས་མི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྣང་མེད་དུ་འཇོག་མི་རུང་ལ། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནི་རྒྱལ་སྤྱིའི་སྒང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་མཁན་གྱི་ཚོགས་སྡེ་གཙོ་བོ་དེ་ཆགས་ཡོད་པའི་ངོས་ནས། རྒྱལ་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཚོགས་མི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ལ་སྔར་ལས་ལྷག་པར་ལྟ་རྟོགས་ནན་མོ་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཆེ་མཐོང་དེ་རྒྱལ་སྤྱིའི་སྒང་མ་བརླག་པ་བྱ་རྒྱུའི་འགན་བབ་ཡོད་པ་རེད།
གནད་དོན་འདིའི་ཐད་ལ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱི་ངོས་ནས་ཀྱང་། ༼རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་གྲས་སུ་རྒྱ་གཞུང་འདེམས་ཐོན་བྱུང་བ་ལ་བརྟེན་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་དང་སྲུང་སྐྱོབ་ཐད། འདི་ག་ལྟེ་གནས་ཁང་གི་ཆོད་སེམས་ཉམས་ཞན་གང་ཡང་ཕྱིན་མེད་པ་མ་ཟད། སྔར་ལས་ལྷག་པར་གདོང་ལེན་བྱ་རྒྱུའི་སྙིང་སྟོབས་ཆེ་རུ་ཕྱིན་ཡོད། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་དག་གི་ངོས་ནས་ཀྱང་། རྒྱ་ནག་གཞུང་གི་བྱེད་བབས་མཐའ་དག་རྒྱལ་སྤྱིའི་སྒང་ཕྱི་གསལ་ནང་གསལ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ལ། སྔར་ལས་ལྷག་པར་དོ་སྣང་ཐུགས་ཁུར་གནང་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད། དེ་བཞིན། ད་ལྟ་རྒྱ་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་ཁབ་ཅིག་ཆགས་ཡོད་པའི་ཆ་ནས། སོ་སོའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུ་ནི། འདོར་དུ་མེད་པའི་རྒྱ་གཞུང་གི་འོས་འགན་ཉག་གཅིག་ཆགས་ཡོད་སྟབས། གལ་སྲིད་རྒྱ་གཞུང་གིས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་གནས་སྟངས་བྱུང་ཚེ། རྒྱལ་ཚོགས་ཀྱིས་ཁྲིམས་སྒྲིག་གཞིར་བཟུང་ཚོགས་མི་རྒྱལ་ཁབ་གྲས་ནས་ངེས་པར་དུ་ཕྱིར་འབུད་གཏོང་དགོས། ༽ཞེས་འབོད་སྐུལ་ནན་མོ་བྱེད་བཞིན་ཡོད།