༢༠༡༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ཁྲོད། སྔར་དང་མ་འདྲ་བར་མང་ཚོགས་ཁྲོད་དོ་སྣང་དང་གླེང་སློང་། མཉམ་ཞུགས་ཤུགས་ཆེན་པོ་བྱུང་ཡོད་ལ། དེ་བཞིན། མང་ཚོགས་ཁྲོད་ཕྱོགས་རེས་དང་གླེང་རྙོག སེམས་འཚབ་ཀྱི་རྣམ་པའང་གང་འཚམ་བྱུང་ཡོད་པར་བརྟེན། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག དབུས་འོས་བསྡུ་ལས་ཁང་ནས་ཟིན་བྲིས་བཏབ་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་ཚོགས་ཆུང་ཟུར་འཛུགས་དགོས་པའི་གྲོས་ཆོད་བྱུང་དོན་ལྟར། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཆེད་འཛུགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ཉིན་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་ཁུར་འགོ་འཛུགས་གནང་ཐོག ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༡ ཉིན་གྱི་གོང་ལ་ཚོགས་སྒེར་ཚང་མའི་ངོས་ནས་དགོངས་འཅར་ཇི་ཡོད་ཡིག་ཐོག་ཏུ་བཀོད་དེ་ཚོགས་དྲུང་ལས་ཁུངས་སུ་ཕུལ་འབྱོར་དགོས་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་རེད།
འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། བཙན་བྱོལ་བོད་མིའི་མང་གཙོ་དེ་བཞིན་སྔར་བའི་འཐུས་སྒོ་ཇེ་ཚང་དང་། ལྷག་པར་དུ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་མང་ཚོགས་ཀྱིས་སོ་སོའི་བསམ་ཚུལ་ཕུལ་ཏེ་ཆ་ཤས་ལེན་ཐུབ་པ་ཡོང་རྒྱུར་དམིགས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༤ ཉིན་གཉིས་རིང་ <<༢༠༡༦ ལོའི་བོད་མིའི་འོས་བསྡུ་ཆེན་མོར་ཕྱིར་མིག་ལྟ་བ>> ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཐོག བཙན་བྱོལ་མིའི་སྤྱི་ཚོགས་ཁྲོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཁུར་མི་སྣ་དང་། ནམ་རྒྱུན་བཙན་བྱོལ་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་ཐད་དོ་སྣང་གནང་མཁན་གྱི་ཉམས་ཞིབ་པ་དང་། དགེ་རྒན། མཐོ་སློབ་སློབ་ཕྲུག གྲྭ་པ་དང་བཙུན་མ་བཅས་སྤྱི་ཚོགས་ལས་སྒོ་འདྲ་མིན་ཁག་ནས་མི་སྣ་ ༤༠ ཙམ་གདན་ཞུས་གནང་སྟེ་ཚོགས་ཆུང་ཁག་བགོས་ཀྱི་ཐོག་ནས། གཅིག ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་ལས་རིམ་གྱི་དགེ་མཚན་དང་སྐྱོན་གནད། རྗེས་ཕྱོགས་འགྱུར་བ་གཏོང་དགོས་གང་ཡོད་དང་། གཉིས། འོས་བསྡུའི་སྒྲིག་གཞི་དང་འོས་བསྡུ་ལྷན་ཁང་གི་ལས་བྱེད་ཆེད་ལས་ཅན་བཟོ་དགོས་མིན་སྐོར། གསུམ། བཙན་བྱོལ་བོད་མིའི་མང་གཙོའི་དགེ་མཚན་དང་སྐྱོན་གནད། ཚད་བཀག་བཅས། བཙན་བྱོལ་བོད་མིའི་མང་གཙོའི་ཕྱོགས་ཡོངས་ཀྱི་ཐད་ལ་བགྲོ་གླེང་གནང་སྟེ་བསམ་ཚུལ་རྣམས་བསྡུ་རུབ་བྱས་ཡོད་པ་ལྟར། ཕྱི་ཟླ་ ༧ པའི་ཚེས་ ༡༥ ཉིན་བསམ་ཚུལ་དེ་དག་ཕྱོགས་བསྡོམས་ཀྱིས་ཚིག་ཟིན་ལ་བཀོད་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་། བཀའ་ཤག དབུས་འོས་བསྡུ་ལྷན་ཁང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་། འབྲེལ་ཡོད་སྡེ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག གསར་འགྱུར་བརྒྱུད་ལམ་ཁག་བཅས་སུ་འབུལ་རྒྱུ་ཡིན།
འདི་ལོའི་ཕྱི་ཟླ་དགུ་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་སུ། གོང་གསལ་བསམ་ཚུལ་དག་གིས་མཚོན་པའི་གཞི་རིམ་མང་ཚོགས་ཀྱིས་ཕུལ་འབྱོར་བྱུང་བའི་བསམ་ཚུལ་ཅི་རིགས་ཐད། གྲོས་ཚོགས་ནང་དོ་སྣང་དང་གླེང་སློང་། དཔྱད་ཞིབ་བཅས་གནང་སྟེ། སྐྱོན་སེལ་ལེགས་འདོན་གྱི་སྒོ་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚགས་ཚུད་ཡོང་བ་དང་། བཙན་བྱོལ་བོད་མིའི་མང་གཙོ་དེ་བཞིན་ཕྱོགས་ཡོངས་ནས་སྔར་བའི་འཐུས་སྒོ་ཇེ་ཚང་དུ་གཏོང་བར། གཞུང་དམངས་མཉམ་རུབ་ཀྱིས་ནུས་པ་གང་ལེགས་འཐོན་ཐུབ་པའི་རེ་བ་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།