མགོ་ལོག་ཁུལ་གྱི་བོད་མི་ཏང་ཡོན་ལས་བྱེད་པ་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་བཟོས་འདུག

བོད་མདོ་སྨད་ཕྱོགས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་མི་ཏང་ཡོན་ལས་བྱེད་པ་དང་ལས་ཡོལ་ཞུས་ཟིན་པ་ཆ་ཚང་ཆོས་ལགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་མ་ཟད་ཆོས་ཀྱི་བྱ་བ་གང་ཡང་སྒྲུབ་མི་ཆོག་པ་བཟོས་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་ཁོངས་ཀྱི་བོད་རིགས་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཕྱག་དང་སྐོར་བ་བྱེད་པ་དང་ལག་ཏུ་ཕྲེང་ང་འཛིན་པ། ཆོས་མཇལ་དུ་འགྲོ་བ་སོགས་བྱེད་མི་ཆོག་པ་མ་ཟད་ཁང་ཁྱིམ་སོགས་སུ་བསྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་བར་དམ་དྲག་ཆེས་ཆེར་བྱེད་བཞིན་འདུག་ཅིང་ལྐོག་ཏུ་མི་བཏང་ནས་ནམ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ལ་ཞུགས་ཀྱི་ཡོད་མེད་སོ་ལྟ་བྱེད་བཞིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུའང་དཀའ་ངལ་གཅིག་མཚུགས་འཕྲད་བཞིན་པ།

འདི་ལོའི་ལོ་འགོར་རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་བཀྲམས་ནས་བོད་རིགས་ཏང་ཡོན་ལས་བྱེད་པ་དང་ལས་ཟུར་པ་རང་ཉིད་ཙམ་མ་ཟད་རང་གི་བཟའ་མི་བུ་ཕྲུག་རྣམས་ཀྱང་དགོན་པར་ཆོས་མཇལ་དུ་གཏོང་བའམ་ཁྱིམ་དུ་ཞབས་བསྟེན་ཚོགས་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་གང་དུའང་ཞུགས་མི་ཆོག་པ་མ་ཟད་རང་རང་གི་བཟའ་མི་བུ་ཕྲུག་རྣམས་ལ་གུང་ཁྲན་ཏང་གི་དད་སེམས་དང་དམིགས་ཡུལ། ཐོག་མའི་བསམ་འདུན་སོགས་ཀྱི་སྐོར་ལ་ངེས་པར་དུ་སློབ་སྦྱོང་སྤྲོད་དགོས་པའི་བཀོད་ཁྱབ་བཏང་བ་དང་མར་ཁེ་སིའི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་བརྟན་པོ་ཞིག་བྱས་ཏེ་གུང་ཁྲན་ཏང་ལ་བློ་གཅིག་སེམས་གཅིག་གིས་དགའ་ཞེན་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་པ་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་དགོས་ཚུལ་བཤད་འདུག   

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ པའི་ནང་དུའང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བོད་རིགས་ཏན་ཡོན་ལས་ཟུར་རྣམས་ཆོས་ལུགས་ཀྱི་བྱེད་སྒོ་གང་དུའང་ཞུགས་མི་ཆོག་པའི་བཀོད་ཁྱབ་བཏང་བ་དང་འབྲེལ་ཡོད་ལྷན་ཁང་ཁག་ནས་སྒྲིག་འགལ་བྱས་པ་རྣམས་ཀྱི་མིང་དང་ཉེས་པ་གཏོང་ཕྱོགས་ཀྱི་བསམ་འཆར་སྤྲོད་དགོས་པའི་ལམ་སྟོན་བྱས་འདུག

སློབ་གསོ་དག་ཐེར་གྱི་ལས་འགུལ་གཉིས་པ།

ཁ་སྔོན་ཕྱི་ཟླ་ ༩ པའི་ཚེས་ ༢༥ ཉིན་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅན་ཅུན་གྱིས་ཟླ་ ༩ པའི་ཚེས་ ༡༣ ཉིན་པེ་ཅིང་དུ་ཚོགས་པའི་ཀྲུང་དབྱང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་གྱི་སྐབས་དྲུག་པའི་ཚོགས་འདུའི་དགོངས་དོན་རྣམས་མཚོ་སྔོན་དུ་ལག་ལེན་དོན་འཁྱོལ་བྱ་རྒྱུ་ཡིན་ཚུལ་བཤད་པ་དང་། རྒྱ་ནག་གི་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་ཟེར་བའི་ཚོགས་གཙོ་གུའོ་ཧྲེང་ཀན་གྱིས་“ཏང་ཡོན་རྣམ་པས་སློབ་གསོ་དག་ཐེར་གྱི་ལས་འགུལ་ཐེངས་གཉིས་པའི་བསྟན་དོན་རྣམས་ལག་ལེན་དོན་འཁྱོལ་ཐུབ་པ་དགོས་ཤིང་ས་ཁུལ་གནད་འགག་ཅན་དུ་བདེ་འཇགས་དོ་དམ་པའི་འགན་འཁྲི་སྔར་ལས་ཇེ་ཆེར་བཏང་སྟེ་ལུག་ནག་པོ་དང་མཁྲེགས་འཛིན་ཅན་གྱི་ནད་རྙིང་མ་ལུས་པ་ཤུལ་མེད་དུ་གཏོང་དགོས་”ཞེས་བཤད་འདུག

ངེད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་སྟེ་གནས་ཁང་གིས་བོད་ནང་དུ་རྒྱ་ནག་གཞུང་གིས་འདི་ལྟར་ཆོས་ལུགས་དད་མོས་མི་ཆོག་པའི་བཙན་བཀའ་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅིང་ལས་འགུལ་འདི་མགོ་ལོག་ཁུལ་ཙམ་མ་ཡིན་པར་བོད་ཀྱི་ས་ཁུལ་གང་སར་ཁྱབ་ཉེན་ཤིན་ཏུ་ཆེ་བས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་དང་། བསམ་བློའི་རང་དབང་།  སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས་ཀྱི་རང་དབང་།  ཤེས་ཡོན་དང་གསང་རྒྱའི་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དག་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་བརྩི་སྲུང་བྱས་ཏེ་ལས་འགུལ་འདིའི་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top