བྲག་བརྐོས་ཀྱི་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རལ་བཤིག་ཏུ་བཏང་འདུག

བོད་རིགས་དད་ལྡན་མང་ཚོགས་ཀྱིས་བྲག་ངོས་སུ་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རྡོ་བརྐོས་བརྒྱབ་པར།  ས་གནས་རྒྱ་གཞུང་གིས་ཆབ་སྲིད་ལ་ཁ་གཡར་ནས་དམག་མི་ཁག་ཅིག་ཆེད་གཏོང་གིས་རལ་བཤིག་ཏུ་བཏང་སྟེ། དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བཀག་སྡོམ་བྱས་ཡོད་འདུག

རྒྱ་གཞུང་རལ་བཤིག་ཏུ་བཏང་བའི་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རྡོ་བརྐོས་མ།
རྒྱ་གཞུང་རལ་བཤིག་ཏུ་བཏང་བའི་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རྡོ་བརྐོས་མ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ། ད་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་སྐབས་དང་བསྟུན་ནས།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་ཤང་ཉ་མཚོ་ཁང་དམར་སྡེ་བའི་བོད་རིགས་དད་ལྡན་མང་ཚོགས་ཀྱིས། ས་གནས་དེ་གའི་བྲག་ངོས་ཤིག་ལ “གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ཅེས་པའི་ ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཚིགས་རྐང་བཞི་པོ་རྡོ་བརྐོས་བརྒྱབ་ཡོད་ཀྱང་།  ས་གནས་རྫོང་སྲིད་གཞུང་གིས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ནི་ཆབ་སྲིད་ཀྱི་ཚོར་བ་རྣོ་པོ་ཅན་གྱི་ཚིག་བཅད་ཅིག་ཡིན་ཚུལ་བརྗོད་དེ།  དམག་མི་ཁག་ཅིག་ཆེད་གཏོང་གིས་བྲག་ངོས་ཀྱི་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རྡོ་བརྐོས་མ་དེ་རལ་བཤིག་བཏང་སྟེ་བསུབ་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ད་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མ་སླེབས་པའི་ཡར་སྔོན་ནས། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཁྲི་འདུ་རྫོང་གི་ས་གནས་མང་ཚོགས་རྣམས་བསྡུ་བསྐོང་བྱས་ཏེ། གསུམ་བཅུ་དུས་དྲན་གྱི་སྐབས་དང་བསྟུན་ནས་མི་སུས་ཀྱང་ཁ་པར་དང་བརྡ་འཕྲིན་བརྒྱུད་ལམ་གང་རུང་ཐོག་ཕྱི་ཕྱོགས་སུ་འབྲེལ་བ་བྱ་མི་ཆོག་པ་དང་། ཁ་པར་ཐོག་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་རྒྱ་གཞུང་འབྲེལ་ཡོད་མི་སྣས་བརྡ་འཕྲིན་ལག་རྩལ་བརྒྱུད་ལྐོག་ཉན་བྱེད་ཀྱི་ཡོད་ལ།  གལ་སྲིད་གསང་བའི་ཐོག་ཕྱི་ཕྱོགས་ལ་གནས་ཚུལ་གཏོང་མཁན་ཡོད་ཚེ་ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་སྐོར་སོགས་བརྗོད་དེ།  གསུམ་བཅུའི་དུས་དྲན་གྱི་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་མི་ཡོང་བའི་ཆེད་ས་གནས་མང་ཚོགས་ལ་འཇིགས་སྐུལ་བྱས་ཡོད་འདུག

to top