རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་མདོ་ཁོག་ཞང་ཁོངས། ཆབ་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་བཅའ་སྡོད་ཉེན་རྟོག་ལས་ཁུངས་ཀྱི་སྒོ་ཁ་ནས། བོད་རིགས་བུ་མོ་སངས་རྒྱས་མཚོ་ཡིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་སྟེ་འདས་གྲོངས་ཕྱིན་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་གྱི་བོད་ནང་གི་ཐོ་རེངས་ཆུ་ཚོད་ ༤ ཙམ་ལ། བོད་མདོ་སྨད་ཅོ་ནེ་རྫོང་མདོ་ཁོག་ཞང་ཁོངས་སུ་ཡོད་པའི་ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་དུ་བཅའ་སྡོད་ཡན་ལག་ལས་ཁུངས་ཀྱི་སྒོ་ཁར། བོད་རིགས་བུ་མོ་སངས་རྒྱས་མཚོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
ཁོང་མོས་རང་ལུས་མེར་བསྲེགས་གཏོང་སྐབས་མདང་ནུབ་མཚན་སྨད་ཡིན་སྟབས། རང་བསྲེགས་ཞི་རྒོལ་སྐབས་འབོད་ཚིག་བསྒྲགས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རིགས་ས་གནས་མང་ཚོགས་ཀྱིས་མཐོང་ཐོས་བྱུང་ཐུབ་མེད་པ་རེད། ཞོགས་པར་དེ་གར་བཅའ་སྡོད་རྒྱ་གཞུང་ཉེན་རྟོག་དམག་གིས་ཤེས་རྟོགས་བྱུང་རྗེས། ཁོང་མོའི་སྐུ་ཕུང་གཙོད་གྲོང་ཁྱེར་དུ་ཁྱེར་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་ལྟར་ན། མདང་ནུབ་ཆུ་ཚོད་ ༣ དང་ཕྱེད་ཀ་མ་ཟིན་ཙམ་ལ། ཁོང་མོས་སྐད་འཕྲིན་ནང་སྐད་ཆ་ཁ་ཤས་བཤད་ཡོད་སྟབས། ནང་མི་ཚོས་སེམས་འཚབ་ཆེན་པོས་ཡར་མར་ལ་བརྩད་གཅོད་བྱས་ཀྱང་རྙེད་སོན་བྱུང་མེད་པ་རེད། རྗེས་སུ་རྒྱ་གཞུང་ཉེན་རྟོག་པ་ཁོང་མོའི་ཁྱིམ་དུ་སླེབས་ཏེ་ནང་མིར་འདྲི་གཅོད་དང་། ད་ལྟའི་ཆར་འགྲོ་འོང་སོགས་ལ་བཀག་སྡོམ་ཤུགས་ཆེན་པོ་བྱས་ཡོད་འདུག
རང་བསྲེགས་ཞི་རྒོལ་གནང་མཁན་སངས་རྒྱས་མཚོ་ལགས་ནི། བོད་མདོ་སྨད་ཅོ་ནེ་རྫོང་ཉིན་པ་ཞང་ཆས་བུ་གཤིས་རྨེ་རུ་སྲིབ་པ་སྡེ་བར་སྐྱེས་ཤིང་། ད་ལྟ་རང་ལོ་ ༣༦ ཡིན་ཞིང་། ལོ་བརྒྱད་དགུ་ཙམ་གྱི་ཡར་སྔོན་ལ་ཁོ་མོ་ཉིན་པ་ཞང་ཆབ་བུ་གཤིས་རྨེ་རུ་ཉིན་པ་སྡེ་བའི་བླ་ཁོ་ཚང་གི་བུ་རྟ་མགྲིན་དབང་རྒྱལ་དང་གཉེན་སྒྲིག་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་བཟའ་མི་གཉིས་ལ་ཚེ་རིང་དོན་འགྲུབ་ཟེར་བའི་བུ་གཅིག་དང་། མཁའ་འཚོ་ཟེར་བའི་བུ་མོ་གཅིག་བཅས་བྱིས་པ་གཉིས་ཡོད་འདུག
སངས་རྒྱས་མཚོས་རང་ལུས་མེར་བསྲེགས་གཏོང་ཡུལ་རྒྱ་གཞུང་ཉེན་རྟོག་དམག་མིའི་ལས་ཁུངས་དེ་ནི། ཕྱི་ལོ་ ༢༠༠༨ ལོའི་ཡར་སྔོན་ལ་དེ་ལྟའི་གཞི་རྒྱ་ཆེན་པོ་མེད་ཀྱང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་བྱུང་ཡོད་པ་ལྟར། ལོ་དེའི་ཧོར་ཟླ་ ༢ ཚེས་ ༡༡ ཉིན་གྱི་དགོན་པའི་བསང་གསོལ་དུས་ཆེན་དང་སྐབས་བསྟུན་ནས། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཞི་བའི་ངོ་རྒོལ་ཡར་ལངས་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་དགོན་པའི་གྲྭ་པ་ ༤༠༠ ལྷག་དང་། མི་སྐྱ་ ༧༠ ནས་ ༨༠ འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། རྗེས་སུ་གྲྭ་པ་དང་མི་སྐྱ་རེ་རེར་རྒྱ་སྒོར་ ༥༠༠༠ རེའི་ཆད་གཅོད་བྱས་ནས་ཕྱིར་གློད་ཡོད་པ་རེད།
དེར་མ་ཟད། རྗེས་སུ་མིང་ལ་བསྟན་འཛིན་རྒྱ་མཚོ་ཞུ་བའི་གྲྭ་པ་གཉིས་དང་གཞན་པའི་མི་སྐྱ་གསུམ་བཅས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། གྲྭ་བསྟན་འཛིན་རྒྱ་མཚོ་(ཆེ་བ)ལ་ལོ་ ༡༥ བཙོན་འཇུག་ཁྲིམས་བཅད་དེ། ད་ལྟའི་ཆར་ཀན་སུའུ་ཏཱ་ཧྥ་ཕའེ་ཞེས་པའི་ཁྲིམས་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ཁོང་འཇུ་བཟུང་བཙོན་འཇུག་བྱེད་སྐབས་རང་ལོ་ ༤༠ ཡིན་འདུག གྲྭ་བསྟན་འཛིན་རྒྱ་མཚོ་(ཆུང་བ)ལ་ལོ་ ༡༣ ཁྲིམས་ཐག་བཅད་དེ། ད་ལྟའི་ཆར་ཀན་སུའུ་ཏཱེན་ཞིས་ཁྲིམས་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། འཇུ་བཟུང་སྐབས་རང་ལོ་ཉི་ཤུ་ཙམ་ཡིན་འདུག རྨེ་རུ་ཉིན་པ་སྡེ་བ་ནས་ཡིན་པའི་མི་སྐྱ་ལུང་བཟང་རྡོ་རྗེ་ལ་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཀན་སུའུ་པའེ་ཡན་ཁྲིམས་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༡༤ ཕྱི་ཟླ་ ༥ ཟླ་མཇུག་ཙམ་ལ་བཙོན་འཇུག་དུས་ཡུན་མ་རྫོགས་པར་གློད་ཡོད་པ་རེད། མ་རྩ་སྡེ་བའི་རིན་ཆེན་ཚེ་རིང་ལ་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཀན་སུའུ་ལན་ཀྲུ་ཏཱ་ཧྲ་པའེ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༡༤ ཕྱི་ཟླ་ ༣ ཡས་མས་ཙམ་ལ་བཙོན་འཇུག་དུས་ཡུན་མ་རྫོགས་པ་གློད་ཡོད་པ་རེད། མ་རྩ་སྡེ་བའི་མི་སྐྱ་བསྟན་འཛིན་བཀྲ་ཤིས་ལ་ལོ་ ༨ བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟའི་ཆར་ཀན་སུའུ་ཏཱིན་ཞིས་བཙོན་ཁང་དུ་མུ་མཐུད་བཙོན་འཇུག་བྱས་ཡོད་པ་རེད།
དེ་བཞིན། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་ས་གནས་ཀྱི་དགོན་གྲོང་གཉིས་ལ་དྲག་གནོན་ཤུགས་ཆེན་བྱས་པར་བརྟེན། དེའི་རྗེས་ནས་བཟུང་ལོ་ལྟར་ཧོར་ཟླ་ ༢ ཚེས་ ༡༡ ཉིན་དགོན་གྲོང་གཉིས་སུ་དུས་ཆེན་དེ་སྲུང་བརྩི་དང་འབྲེལ་ཞི་བའི་ངོ་རྒོལ་རིགས་མུ་མཐུད་བྱུང་ཡོད་པ་རེད། དེ་སྔོན་དགོན་པའི་གྲྭ་བཙུན་རྣམས་དང་ས་གནས་མང་ཚོགས་ཀྱི་ངོས་ནས། དགོན་འདབས་ཀྱི་ཉེན་རྟོག་ལས་ཁུངས་ཏེ་སྤོར་དགོས་པའི་རེ་སྐུལ་རིམ་པར་བྱས་ཀྱང་། རྒྱ་གཞུང་གིས་སྣང་འཇོག་མ་བྱས་པར་དེ་མུར་གནས་ཡོད་པ་མ་ཟད། དེ་ལས་ལྡོག་སྟེ་དུས་རྒྱུན་དགོན་པའི་ཆོས་སྤྱོད་ཀྱི་བྱེད་སྒོ་མཐའ་དག་ལ་ལྟ་རྟོག་དང་། དུས་ཆེན་དག་གི་སྐབས་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ལོ་ལྟར་ཧོར་ཟླ་ ༢ ཚེས་ ༡༡ ཉིན་གྱི་བསང་གསོལ་དུས་ཆེན་དེ་ནི། དགོན་པའི་གནས་རི་ཨ་མྱེ་དཔའ་རྒོད་ལ་དགོན་པ་གཞུང་ངོས་ནས་བསང་གསོལ་གནས་མཆོད་བྱས་ཏེ། ལྷ་ཐོ་ཉག་ཁའི་ལབ་རྩེ་གཏོད་པའི་ས་གནས་ཀྱི་སྲོལ་རྒྱུན་ཞིག་ཡིན་འདུག