བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ཡུལ་ཚོའི་སྟེང་བོད་རིགས་བུ་མོ་ཞིག་གིས་ཞི་བའི་སྐད་འབོད་ངོ་རྒོལ་བྱས་རྗེས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས། རང་ལོ་ ༢༣ ཡས་མས་ཡིན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་ “བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་། ” ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་གནང་ཡོད་ཀྱང་། དེ་མ་ཐག་ཏུ་ས་གནས་ཉེན་རྟོག་མི་སྣས་ཁོ་མོ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཉེན་རྟོག་པས་ཁོང་མོ་འཇུ་བཟུང་རྗེས་ས་གནས་གང་ཞིག་ཏུ་བཀག་ཉར་དང་། ད་ལྟའི་ཆར་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རྒྱ་དམར་གཞུང་གིས་བོད་ས་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་སྟངས་ལྟར་བྱས་ན། འོད་དཀར་སྐྱིད་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ། རྔ་བ་རྫོང་རྨེའུ་རུ་མ་ཞང་རུ་ཆེན་དང་པོ་ནས་ཡིན་ཞིང་། ཁོ་མོའི་ཕའི་མིང་ལ་ཀུན་པོ་དང་། མའི་མིང་ལ་འཕགས་པ། ཁྱོ་གའི་མིང་ལ་བཀྲ་ཤིས་ཡིན་པ་དང་། ཁོང་བཟའ་ཚོ་གཉིས་ལ་བུ་ལོ་ ༤ ཅན་ཞིག་ཡོད་འདུག དེ་བཞིན། འོད་དཀར་སྐྱིད་ལགས་ནི་སློབ་གྲྭར་བསྐྱོད་མྱོང་མེད་པར་ཆུང་དུས་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་འདུག
ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་སྔར་ལས་ལྷག་པར་བོད་ནང་མང་ཚོགས་ཞི་བའི་ངོ་རྒོལ་ལ་དམ་དྲག་ཤུགས་ཆེ་རུ་བཏང་བ་དང་། བོད་མི་ཐུན་མོང་ལ་མནར་གཅོད་དྲག་གནོན་བཏང་བ་སོགས། དམག་མི་ཕོན་ཆེན་འགྲེམས་འཇོག་གིས་བོད་ས་ཡོངས་སུ་མང་ཚོགས་ཀྱི་སྤྱིར་བཏང་གི་འགྲོ་བསྐྱོད་དང་འདུ་འཛོམས་སོགས་ལ་བཀག་སྡོམ་ནན་མོ་བྱས་པར་བརྟེན་ནས། ཉེ་བའི་ལོ་ཤས་རིང་བོད་ནང་དུ་བོད་མི་སྒེར་གྱིས་ཁེར་རྐྱང་དུ་ཞི་བའི་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད།
བོད་མི་སྒེར་གྱིས་ཁེར་རྐྱང་དུ་ངོ་རྒོལ་བྱེད་མཁན་འགའ་ཤས་ཀྱིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཕྱར་ཏེ། བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱ་དགོས་པའི་སྐད་འབོད་བྱས་ཡོད། ཡང་འགའ་ཤས་ཀྱིས་སོ་སོའི་འབོད་ཚིག་ཡི་གེར་ཕབ་སྟེ་སྦྱར་བཀྲམས་བྱས་ཡོད་པ་རེད། བོད་མི་སྒེར་གྱིས་ཁེར་རྐྱང་དུ་ངོ་རྒོལ་བྱེད་མཁན་དེ་དག་ནི། སོ་སོའི་ལུས་ཕུང་མེར་བསྲེགས་བཏང་མ་བཏང་གི་ཁྱད་པར་ཙམ་ལས། ཁོང་ཚོའི་འབོད་སྒྲ་དང་མངོན་འདོད་ནི་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་གཅིག་མཚུངས་ཆགས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། ཕྱི་ལོ་ ༢༠༡༣ ནས་ད་ལྟའི་བར་བོད་ནང་མི་སྒེར་གྱིས་ཁེར་རྐྱང་དུ་ཞི་བའི་ངོ་རྒོལ་བྱེད་མཁན་ ༡༧ གྱི་གནས་ཚུལ་སྔ་ཕྱིར་སྤེལ་ཡོད། བོད་མི་དེ་དག་ཚང་མ་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་ཉག་གཅིག་ཆགས་ཡོད། ཡིན་ནའང་། རྒྱ་གཞུང་ཉེན་རྟོག་པས་ཁོང་ཚོ་འཇུ་བཟུང་བཙན་འཁྲིད་དང་གཅར་རྡུང་བཀག་ཉར། ལྷག་པར་དུ་བོད་མི་ཁ་ཤས་ལ་བཙོན་འཇུག་ཁྲིམས་ཐག་ལྕི་མོ་བཅད་ཡོད་པ་རེད།
དཔེར་ན། རང་ལོ་ ༢༡ ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས། ༢༠༡༣ ལོའི་ཟླ་ ༩ པའི་ནང་དཔལ་ཤོད་མི་དམངས་འདུ་འཛོམས་སར། ༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་དང་། བོད་ལ་རང་དབང་དགོས་པའི་ཞི་བའི་སྐད་འབོད་གནང་བར་བརྟེན་ནས། རྒྱ་གཞུང་གིས་ཁོང་ལ་ལོ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བཙོན་འཇུག་ཁྲིམས་ཐག་མ་བཅད་གོང་གི་ལོ་གཅིག་རིང་གཅར་རྡུང་བཀག་ཉར་བྱས་ཡོད་པ་རེད།
གཞན་ཡང་། རྒྱ་གཞུང་གིས་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་བསྟན་པ་ལགས་ལ་བཙོན་འཇུག་དུས་བཅད་ལོ་ ༢ དང་། རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ལ་བཙོན་འཇུག་དུས་བཅད་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད། ཁོང་གཉིས་ཀྱིས་རྔ་བ་རྫོང་དུ་༧གོང་གི་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་དང་། བོད་ལ་རང་དབང་དགོས་པའི་ཞི་བའི་སྐད་འབོད་གནང་ཡོད་པ་རེད།
ད་ལོའི་ཕྱི་ཟླ་ ༣ པའི་ནང་རང་ལོ་ ༡༨ ཡིན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་རྔ་བ་རྫོང་དུ། ༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་དང་། བོད་ལ་རང་དབང་དང་འདྲ་མཉམ་དགོས་པའི་ཞི་བའི་འབོད་སྐད་བྱས་པར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་གཅར་རྡུང་ཚད་མེད་བཏང་བར་མ་ཟད། ཁོང་ད་ལྟ་གང་དུ་ཡོད་མེད་ཀྱི་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དེ་བཞིན། འོད་དཀར་སྐྱིད་ཀྱིས་མཚོན་པའི་བོད་མི་སྒེར་གྱིས་ཁེར་རྐྱང་དུ་ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་ལ། རྒྱ་གཞུང་གིས་གང་བྱུང་འཇུ་བཟུང་བཙན་འཁྲིད་དང་གཅར་རྡུང་བཀག་ཉར་བྱེད་བཞིན་ཡོད། ཞི་བའི་སྒོ་ནས་སྐད་འབོད་བྱེད་མཁན་རྣམས་ལ་གདུག་རྩུབ་མནར་གཅོད་དང་འཇུ་བཟུང་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་དེ་རིགས། རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།
དེ་བཞིན། རྒྱ་གཞུང་གིས་བོད་མི་རྣམས་གང་བྱུང་འཇུ་བཟུང་གིས། དུས་ཡུན་རིང་པར་བཀག་ཉར་བྱེད་བཞིན་པ་དེས། བོད་མི་ཚོར་གཅར་རྡུང་མནར་གཅོད་ཐབས་ཀྱི་གོ་སྐབས་ལེན་གྱིན་ཡོད་པ་རེད། རྒྱ་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་རིགས་ལ་གཅར་རྡུང་དང་འདྲི་གཅོད། བཀག་ཉར། འཇིགས་སྐུལ། ཆབ་སྲིད་སློབ་གསོ་ཟེར་བ་སོགས། མནར་གཅོད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་ཀྱིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོལ་ཁང་ཟེར་བའི་མང་ཚོགས་ལ་མནར་གཅོད་གཏོང་ཐབས་ཀྱི་ལམ་ལུགས་མཚམས་འཇོག་བྱས་ཡོད་ནའང་། ཁྲིམས་མཐུན་དྲང་བདེན་དང་འགལ་བའི་མནར་གཅོད་གཏོང་བའི་བརྒྱུད་ལམ་གསར་པ་མང་པོ་དེའི་ཚབ་ལ་བེད་སྤྱོད་གཏོང་བཞིན་ཡོད། དཔེར་ན། བཙོན་ཁང་ནག་པོ་དང་ཁྲིམས་ཀྱི་སློབ་གསོའི་ལྟེ་གནས་ཟེར་བ་སོགས་ལག་བསྟར་བྱེད་བཞིན་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས་འོད་དཀར་སྐྱིད་ཀྱི་ད་ལྟའི་གནས་སྟངས་ལ་བློ་འཚབ་དང་། རྒྱ་གཞུང་ལ་ཁོ་མོའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་འགན་འཁུར་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། འོད་དཀར་སྐྱིད་ཀྱིས་མཚོན་པའི་བོད་ནང་གི་མི་སྒེར་ཁེར་རྐྱང་གིས་ཞི་བའི་ངོ་རྒོལ་བྱེད་མཁན་དེ་རིགས་ནི། ཞི་བའི་ཐབས་ལམ་རང་གི་ཐོག་ནས་སོ་སོའི་མངོན་འདོད་སྒྲོག་མཁན་འབའ་ཞིག་ཆགས་ཡོད་སྟབས། རྒྱ་གཞུང་གིས་ཁོང་ཚོར་ཉེས་མེད་ཉེས་འགལ་གྱི་སྒོ་ནས་འཇུ་བཟུང་ཁྲིམས་གཅོད་གཏོང་རྒྱུ་མཚམས་འཇོག་བྱ་དགོས། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཡོད་ཚོགས་སྡེ་ཁག རྒྱལ་ཁབ་སོ་སོའི་གཞུང་སྲིད་གཞུང་བཅས་ནས། བོད་མི་ཞི་བའི་སྐད་འབོད་གནང་མཁན་དེ་དག་ལ་གདུག་རྩུབ་མནར་གཏོང་རྒྱུ་མཚམས་འཇོག་དགོས་པའི་ཐད། རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབོད་སྐུལ་དང་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད།