བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་འདུག

བོད་མདོ་ཁམས་རྟའུ་རྫོང་ཁང་སར་ཞང་དུ་བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ཞི་བའི་ངོ་རྒོལ་གྱིས་ཞི་བའི་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག

 

རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བོད་མི་བསྟན་འཛིན་རྒྱ་མཚོ་ལགས།
རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བོད་མི་བསྟན་འཛིན་རྒྱ་མཚོ་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༨ ཙམ་ལ། བོད་མདོ་ཁམས་རྟའུ་རྫོང་ཁང་སར་ཞང་ཐོག་ཏུ་བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་ཕྱིན་ཡོད་འདུག

བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་ས་གནས་ཁང་སར་ཞང་ས་གནས་རྒྱ་གཞུང་གི་ཚོགས་ཁང་ཞིག་ཡོད་པ་དེའི་ཉེ་འགྲམ་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་ས་གནས་མང་ཚོགས་མང་པོ་འདུ་འཛོམས་ཀྱིས་ཞི་བའི་སྐད་འབོད་ཀྱང་བྱས་ཡོད་འདུག ཡིན་ནའང་། དེ་མ་དག་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཕོན་ཆེན་འབྱོར་ཏེ་གང་བྱུང་མང་ཚོགས་ལ་གཅར་རྡུང་བྱེད་བཞིན། ཁོང་གི་སྐུ་ཕུང་ཉེན་རྟོག་པས་བཙན་འཕྲོག་གྱིས་ཁྱེར་ཡོད་པ་མ་ཟད། སྔ་ཕྱིར་དེ་གར་འདུ་འཛོམས་དང་ཞི་བའི་སྐད་འབོད་གནང་མཁན་མང་ཚོགས་མང་པོ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་ས་གནས་རྒྱ་གཞུང་གིས་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ནང་མིར་བརྡ་བཏང་སྟེ། བསྟན་འཛིན་རྒྱ་མཚོ་ལགས་ད་ལྟ་གྲོངས་ཟིན་ཡོད་པ་དང་། ནང་མི་གཉིས་དར་རྩེ་མདོ་རུ་ཡོང་དགོས་སྐོར་བརྗོད་འདུག དེ་སྔོན་རྟའུ་རྫོང་དུ་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་སྐབས། རྒྱ་གཞུང་གིས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་གློག་གི་པུར་སྒམ་ནང་མེར་བསྲེགས་བཏང་ཡོད་པ་ལྟར། བསྟན་འཛིན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་ཡང་དེ་ལྟར་མེར་བསྲེགས་ཀྱིས་ནང་མིར་རྩིས་སྤྲོད་བྱེད་མི་སྲིད་པར་ས་གནས་མང་ཚོགས་ཀྱིས་ཚོད་དཔག་བྱེད་ཀྱིན་ཡོད་འདུག

རྒྱ་གཞུང་གི་དམག་མིས་བོད་མིར་རྔམ་སྟོན་འཇིགས་སྐུལ་བྱེད་བཞིན་པ།
རྒྱ་གཞུང་གི་དམག་མིས་བོད་མིར་རྔམ་སྟོན་འཇིགས་སྐུལ་བྱེད་བཞིན་པ།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་ས་ཁོངས་ལྟར་བྱས་ན། རྒྱལ་གཅེས་དཔའ་བོ་བསྟན་འཛིན་རྒྱ་མཚོ་ལགས་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཁང་གསར་ཞིང་ཁུ་ནན་གྲོང་པ་ནས་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༣༥ ཡིན་འདུག ཁོང་གི་ཆུང་མའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང་། ཁོང་བཟའ་མི་གཉིས་ལ་ཕྲུ་གུ་ ༤ ཡོད་པ་དག་ནི་སྟོབས་ལྡན་དང་ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་ཡིན་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་ས་གནས་ལམ་ཁ་ཚང་མར་དམག་མི་མང་པོ་འགྲེམས་འཇོག་གིས། ཡར་མར་བསྐྱོད་མཁན་མང་ཚོགས་རྣམས་ལ་གང་བྱུང་བསྔོག་བཤེར་བཞིན་ཡོད་པ་མ་ཟད། བོད་མི་རྣམས་ལ་རྣམ་འགྱུར་ཡག་པོ་མི་འདུག་པའི་ཉེས་པ་བཙུགས་ཏེ་གང་བྱུང་འཇུ་བཟུང་བཀག་སྐྱིལ་བྱེད་བཞིན་ཡོད་འདུག

བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དགོས་དོན་ནི། ཉེ་བའི་ལོ་འགར་ཁམས་རྟའུ་རྫོང་དུ་བསྟུད་མར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་བྱས་པར་བརྟེན་ནས། རྒྱ་གཞུང་གིས་ས་གནས་གྲོང་པ་རེ་རེའི་ནང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཏེ། ས་གནས་མང་ཚོགས་ལ་གཅར་རྡུང་དྲག་གནོན་རིམ་པར་བྱས་ཡོད་པ་དང་། ཉེ་བའི་བདུན་གཅིག་གི་སྔོན་ནས་བཟུང་རྒྱ་གཞུང་གིས་ཡང་བསྐྱར། ཁུ་ནན་གྲོང་ཚོའི་ནང་ཆབ་སྲིད་ལས་འགུལ་སྤེན་ནས། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་རང་ལུས་མེར་བསྲེགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སོགས་བྱས་པ་ནི། རྒྱལ་ཁབ་ཁ་བྲལ་གྱི་ཁྲིམས་འགལ་བྱ་སྤྱོད་ཡིན་སྐོར་བསྒྲགས་ཏེ། གྲོང་མི་རེ་རེ་ནས་མ་འོངས་པར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་མི་བྱེད་པ་དང་། རང་ལུས་མེར་བསྲེགས་རིགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་རིགས་མི་བྱེད་པའི་ཁས་ལེན་དམ་བཅའ་བཞག་སྟེ་མིང་རྟགས་འགོད་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་ངོས་ལེན་མ་བྱས་པར་བརྟེན་རྒྱ་གཞུང་གིས་མི་རེ་ཟུང་འཇུ་བཟུང་བཀག་སྐྱིལ་བྱས་པར་མ་ཟད། དམག་མི་མང་པོ་རུ་སྒྲིག་གིས་འཇིགས་སྐུལ་རྔམ་སྟོན་བྱས་པ་མ་ཟད། གང་བྱུང་མང་ཚོགས་ལ་དྲི་གཅོད་གཅར་རྡུང་སོགས་བྱས་ཏེ། ས་གནས་མང་ཚོགས་རྣམས་ཨ་ཟད་ཨུ་ཐུག་གི་གནས་སྟངས་ཤིག་གི་འོག་ལྷུང་བཞིན་པར་བརྟེན་ནས། ཁོང་གིས་སེམས་ཀྱིས་མ་བཟོད་པར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་བྱ་སྤྱོད་དེར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་འདུག

རྒྱ་གཞུང་གི་དམག་མིས་བོད་མིར་རྔམ་སྟོན་འཇིགས་སྐུལ་བྱེད་བཞིན་པ།
རྒྱ་གཞུང་གི་དམག་མིས་བོད་མིར་རྔམ་སྟོན་འཇིགས་སྐུལ་བྱེད་བཞིན་པ།

བོད་མདོ་ཁམས་རྟའུ་ཕྱོགས་སུ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་གྲྭ་ཚེ་དབང་ནོར་བུ་ལགས་དང་། ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་དཔལ་ལྡན་ཆོས་མཚོ་ལགས། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་འཕྲིན་ལས་རྣམ་རྒྱལ་ལགས། ༢༠༡༣ ཟླ་ ༦ ཚེས་ ༡༡ ཉིན་བཙུན་མ་དབང་ཆེན་སྒྲོལ་མ་ལགས། ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་གྲྭ་སྐལ་བཟང་ཡེ་ཤེས་ལགས་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༦ སྔ་ཕྱིར་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།

དེ་བཞིན། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས་བཟུང་། ད་བར་བོད་ས་ཡོངས་སུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༡༣༩ བྱུང་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་མི་རྣམས་ཀྱི་དགོས་འདུན་དང་ཞི་བའི་ངོ་རྒོལ་ལ་གུས་བརྩི་ཡིད་འཇོག་གང་ཡང་བྱེད་ཀྱིན་མེད་པར། སྔར་ལས་ལྷག་པར་བོད་ནང་དམ་དྲག་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།

to top