བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་སུ། རྒྱ་གཞུང་གིས་བོད་མི་རིག་འཛིན་ཚེ་རིང་ལ་ལོ་ ༡༢ དང་། སྙིང་ལྕགས་རྒྱལ་དང་བཀྲ་ཤིས་ཚེ་རིང་གཉིས་ལ་ལོ་ ༥ དང་ ༧ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལོ་ལྔ་ལྷག་ཕྱིན་ཡོད་ཀྱང་། བོད་ནང་དམ་དྲག་བཀག་སྡོམ་གྱི་རྐྱེན་པས་ད་ལྟའི་བར་གནས་ཚུལ་དེ་དག ཡོངས་བསྒྲགས་ཐོག་ཤེས་རྟོགས་བྱུང་ཐུབ་མེད་པ་རེད།
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐང་དཀར་ནང་ཡུལ་ཚོ་རོང་ངར་རུ་ཆེན་རོང་ཚ་སྡེ་བའི་རིག་འཛིན་ཚེ་རིང་ལགས་ནི། ཕྱི་ལོ་ ༢༠༠༨ ལོའི་ཧོར་ཟླ་ལྔ་བ་སྟེ་ཕྱི་ཟླ་ ༦ བའི་ནང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་གིས་བསང་ཆུ་རྫོང་དུ་བཙན་འཁྲིད་ཐོག གར་ཡོད་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལོ་གཅིག་ཙམ་ཕྱིན་རྗེས། ཕྱི་ལོ་ ༢༠༠༩ ལོའི་ཧོར་ཟླ་ ༤ ཚེས་ ༢༤ ཉིན་ཀན་ལྷོ་གཙོས་གྲོང་ཁྱེར་དུ། ལོ་ ༡༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁྲིམས་ཐག་བཅད་པའི་ཉིན་གཅིག་གི་རྗེས་སུ་ཀན་སུའུ་ཞིང་ཆེན་ཐན་ཧྲའེ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག
དེ་བཞིན། སྐབས་དེར་ཁོང་དང་མཉམ་དུ་རང་ལོ་ ༤༤ ཡིན་པའི་སྙིང་ལྕགས་རྒྱལ་དང་། རང་ལོ་ ༣༤ ཡིན་པའི་བཀྲ་ཤིས་ཚེ་རིང་གཉིས་ཀྱང་འཇུ་བཟུང་ཐོག གཅིག་ལ་ལོ་ ༧ དང་གཅིག་ལ་ལོ་ ༥ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་གཞུང་གིས་བོད་ནང་དམ་དྲག་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་པའི་དབང་གིས། གོང་གསལ་གནས་ཚུལ་དེ་དག་ཉེ་བའི་བར་ཡོངས་བསྒྲགསཤེས་རྟོགས་ཐུབ་མེད་པར་ལྷག་ཡོད་པ་རེད། ཉེ་ཆར་ཤེས་རྟོགས་བྱུང་བ་ལྟར་ན། རིག་འཛིན་ཚེ་རིང་ལགས་ཀན་སུའུ་ཞིང་ཆེན་ཐན་ཧྲའེ་གྲོང་ཁྱེར་གྱི་བཙོན་ཁང་ནང་མུ་མཐུད་བཙོན་འཇུག་མནར་གཅོད་མྱོང་བཞིན་གནས་ཡོད་པ་དང་། ཁོང་དང་མཉམ་དུ་འཇུ་བཟུང་བཙོན་ཐག་བཅད་པའི་སྙིང་ལྕགས་རྒྱལ་དང་བཀྲ་ཤིས་ཚེ་རིང་གཉིས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་སྟངས། ད་དུང་ཤེས་རྟོགས་གསལ་བོ་བྱུང་ཐུབ་ཀྱི་མི་འདུག
ཁོང་ཚོ་གསུམ་འཇུ་བཟུང་བཙོན་འཇུག་དགོས་དོན་གྱི་གནས་ཚུལ་རྒྱབ་ལྗོངས་ནི། ལོ་ལྟར་ཧོར་ཟླ་གཉིས་པའི་ཚེས་ ༡༡ ཉིན་ས་གནས་དེའི་ཡུལ་མི་སྐྱེས་པ་ཡོངས་ཀྱིས་ལྷན་དུ། ཡུལ་ཕྱོགས་དེའི་སྤྱི་བའི་ལབ་རྩེ་སྟག་མགོ་ཞེས་པ་དེ་དཔུང་བསྟོད་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཏེ་ཕྱི་ཟླ་ ༣ ཚེས་ ༡༨ ཉིན། ས་གནས་དེའི་སྐྱེས་པ་རྣམས་ལ་རྩེ་བསྟོད་པར་གནས་རི་དེར་འདུ་འཛོམས་བྱུང་ཡོད་འདུག
སྐབས་དེར་ཡུལ་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། ད་སྐབས་བོད་ཀྱི་ས་གནས་གང་སར་བོད་རང་དབང་དང་༧རྒྱལ་དབང་རིན་པོ་ཆེ་རང་ཡུལ་ལ་ཕྱིར་གདན་འདྲེན་ཞུ་ཐུབ་པའི་ཆེད་དུ། རྒྱ་གཞུང་ལ་རེ་བའི་འབོད་སྐུལ་ཞུ་བཞིན་ཡོད་པའི་དུས་སྐབས་ཁྱད་པར་ཅན་ཞིག་ཆགས་ཡོད་སྟབས། ང་ཚོ་ཡང་སོ་སོའི་མི་རིགས་ལ་དུངས་ཞེན་ཡོད་པ་དང་། རང་ཉིད་ཀྱི་རྩ་བའི་བླ་མར་མཇལ་འདོད་ཡོད་པའི་དད་ལྡན་བོད་མི་ཞིག་ཡིན་པའི་ངོས་ནས། དེ་རིང་གི་ལྷན་འཛོམས་གོ་སྐབས་འདི་བེད་སྤྱད་དེ། ལོ་མང་པོའི་རིང་སེམས་ནང་སྡུག་བསྲན་བྱས་བསྡད་པའི་རེ་བ་དང་དགོས་འདུན་གསལ་འདོན་གྱི་འབོད་སྒྲ་དེ། དུས་ད་ལྟ་མི་སྒྲོག་པར་ནམ་ཞིག་ལ་སྒྲོག་ཅེས་བརྗོད་ནས། ༼བོད་ལ་རང་དབང་གཙང་མ་དགོས། ང་ཚོའི་བླ་མ་མི་ཡུལ་ལུང་བ་ནས་ཕྱིར་རང་ཡུལ་དུ་ཕེབས་སུ་འཇུག་དགོས།༽སོགས་འབོད་སྒྲ་སྒྲོག་བཞིན། ས་གནས་ཡུལ་ཚོའི་སྲིད་གཞུང་གི་ཕྱོགས་སུ་མི་མང་མཉམ་འཛོམས་ཀྱིས་གོམ་བགྲོད་བྱས་སྐབས། ས་གནས་ལས་བྱེད་པ་དང་ཉེན་རྟོག་པ་སོགས་ཀྱིས་ལམ་བཀག་སྟེ། འཇམ་རྩུབ་གཉིས་ཀྱི་ཐབས་ཤེས་དང་སྡིགས་ར་སྣ་ཚོགས་སྐུལ་མཐར། མི་མང་གི་མཉམ་རུབ་གོམ་བགྲོད་འཐོར་བཤིག་ཏུ་བཏང་ཡོད་འདུག
དེ་རྗེས་རྒྱ་གཞུང་གིས་རིམ་པར་སྐབས་དེའི་ཞི་བའི་གོམས་བགྲོད་ནང་ཞུགས་མཁན་ས་ཕྱོགས་དེའི་སྐྱེ་བ་རྣམས་འཛིན་བཟུང་བྱས་ཡོད་འདུག ཡིན་ནའང་། རྒྱ་གཞུང་གི་དམ་དྲག་རྐྱེན་པས་དེ་དུས་མི་ག་ཚོད་ཅིག་འཇུ་བཟུང་བྱས་པ་དང་མི་དེ་དག་སུ་སུ་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཆ་ཚང་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད་པ་རེད། གོང་འཁོད་རིག་འཛིན་ཚེ་རིང་དང་། སྙིང་ལྕགས་རྒྱལ། བཀྲ་ཤིས་ཚེ་རིང་གསུམ་ཀྱང་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས། རྒྱ་གཞུང་གིས་སྔ་ཕྱིར་འཇུ་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཁོང་ཚོའི་ཁྲོད་ནས་རིག་འཛིན་ཚེ་རིང་ནི་ད་ལྟ་རང་ལོ་ ༤༠ ཡིན་འདུག ཁོང་གི་ཆུང་མའི་མིང་ལ་སྒྲོལ་དཀར་འཚོ་ཟེར་ལ་ད་ལྟ་ལོ་ ༤༡ ཡིན་པ་དང་། ད་ལྟའི་ཆར་ཁོང་གི་ཁྱིམ་དུ་ཆུང་མ་དང་བུ་ཕྲུག་གཉིས་མ་གཏོགས་ནང་མི་གཞན་མེད་པས། ཁྱིམ་ཚང་གི་ལས་འགན་ཡོངས་རྫོགས་ཆུང་མ་གཅིག་པུའི་སྟེང་ལྷུང་ཡོད་པ་རེད། དེ་བཞིན། ཆུང་མ་སྒྲོལ་དཀར་འཚོ་ཡང་གཞོན་དུས་ནས་གཟུགས་པོ་བདེ་ཐང་མེད་པ་ཆགས་ཡོད་ཐོག ད་ལྟ་བུ་ཕྲུག་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་སྟབས། ཁྱིམ་ཚང་གི་ཞིང་ལས་དང་ཕྱུགས་ལས་ཡོངས་རྫོགས་ཁོ་མོ་གཅིག་པུས་གཉེར་དགོས་ཀྱི་ཡོད་པ་མ་ཟད། དབྱར་ཁར་རང་ཁྱིམ་ལ་སྒོ་ལྕགས་བརྒྱབ་སྟེ། ནང་མིའི་འཚོ་རྟེན་གྱི་ཆེད་ས་ཆ་གཞན་དུ་ཞོར་ལས་ལའང་འགྲོ་དགོས་ཐུག་གི་ཡོད་པ་སོགས། ཁོང་འཇུ་བཟུང་བཙོན་འཇུག་བྱས་པར་བརྟེན་ནས། ད་ལྟའི་ཆར་ཁོང་གི་ཤུལ་ལུས་ནང་མིའི་འཚོ་བར་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་འདུག