![mmexport1380111853695](https://tb.tchrd.org/newsite/tb/wp-content/uploads/2013/09/mmexport1380111853695-150x150.jpg)
ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཡས་མས་ཤིག་ལ། རྒྱ་གཞུང་ཉེན་རྟོག་པས་ཁྲིན་ཏུའུ་གྲོང་ཁྱེར་ནས་རྩོམ་པ་པོ་བློ་བཟང་རྣམ་རྒྱལ་ལགས་གསང་བའི་ཐོག་འཇུ་བཟུང་བྱས་ཏེ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་རྟོགས་ཁང་ཞིག་ནང་བཀག་ཉར་བྱས་ཡོད་པ་དང་། ཁོང་ལ་༸གོང་ས་མཆོག་གི་བཀའ་སློབ་དང་ཁྲིམས་འགལ་གྱི་ཡིག་ཆ་འགྲེམས་བསྒྲགས་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་འདུག ཁོང་འཇུ་བཟུང་བཙན་ཁྲིད་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་ ༩ རྗེས་ནས་མ་གཏོགས། ཁོང་གི་ནང་མིས་ཁོང་གར་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བློ་བཟང་རྣམ་རྒྱལ་ལགས་ནི་རྒྱ་གཞུང་གིས་ཀན་སུའུ་ཞིང་ཆེན་ཁོངས་སུ་ཟླ་སྒྲིལ་བྱས་ཡོད་པའི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བན་ཞང་སྐོང་གནས་རུ་ཆེན་ཡག་ཤུལ་སྡེ་བའི་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་བརྟན་དང་མའི་མིང་པདྨ་ཟེར། ཁོང་ནི་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོངས་མཁན་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༡ ལོར་མགོ་ལོག་ཁུལ་ར་རྒྱ་དགོན་པའི་ཉེ་འདབས་སུ་ཡོད་པའི་སྒེར་གཉེར་སློབ་གྲྭ་ར་རྒྱ་ཤེས་རིག་ནོར་བུའི་གླིང་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཁོང་གིས་༼འཚོལ༽ཞེས་པའི་སྒེར་གྱི་སྙན་རྩོམ་དེབ་ཅིག་ཀྱང་པར་འགྲེམས་བྱས་ཡོད་པ་རེད།
བློ་བཟང་རྣམ་རྒྱལ་ལགས་ནི་ད་ལྟ་ལོ་ ༢༦ ཡིན་ལ། ཁོང་སྔ་ཕྱིར་ཐེངས་གཉིས་ལ་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱེད་མྱོངས་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྨ་ཆུ་རྫོང་ཁོངས་ནས་དང་ཐོག་བོད་མི་ ༡༨ འཛིན་བྱས་ཡོད་ལ། དེའི་ཁྲོད་ནས་མི་དྲུག་གེ་སེར་ནང་མའི་ནང་འཇུ་བཟུང་བྱས་པའི་གྲས་སུ་ཁོ་རང་ཚུད་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཡས་མས་ཙམ་ལ་ཁྲིན་ཏུའུ་གྲོང་ཁྱེར་བོད་མིའི་ཁྲོམ་གྱི་བྷུངྒ་རིག་སན་ལས་ཁུངས་ཞོར་ལས་གནང་སྐབས། རྒྱ་གཞུང་གི་གསང་བའི་འཇུ་བཟུང་འོག་གློ་བུར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་།
ཁོང་གི་ནང་མིས་རྩད་གཅོད་ཅི་ནུས་བྱས་ཀྱང་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། དེར་ཡོད་བོད་མི་ཞིག་གིས་རྒྱ་དམག་འགས་བཙན་འཁྲིད་བྱས་སོང་བ་མཐོང་པའི་སྐད་ཆ་འགའ་བཤད་ཡོད་ཀྱང་། སྐབས་དེར་གནས་ཚུལ་དེ་བདེན་པ་ཡིན་མིན་ཐད་གསལ་ཁ་ཅི་ཡང་བྱུང་མེད་པ་རེད།
བློ་བཟང་རྣམ་རྒྱལ་ལགས་དེ་ལྟར་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་ ༩ ལྷག་འགོར་བའི་རྗེས་སུ། ད་གཟོད་ཁོང་ལ་རྒྱ་གཞུང་གིས་༧གོང་ས་མཆོག་གི་བཀའ་སློབ་དང་། ཆབ་སྲིད་དང་འགལ་བའི་ཡིག་ཆ་དཔར་འགྲེམས་བྱས་ཡོད་པའི་ཉེས་འཛུགས་འོག རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ་ཁྲིན་ཏུའུ་ལྟ་རྟོགས་ཁང་ཞེས་པར་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། ད་ལྟ་ཆར་ཁོང་འཇུ་བཟུང་བྱས་ནས་ལོ་གཅིག་ལྷག་འགོར་གྱིན་ཡོད་ནའང་། རྒྱ་གཞུང་ཉེན་རྟོགས་པས་ཁོང་གིས་ནག་ཉེས་ཚབས་ཆེན་བསགས་ཡོད་སོགས་བརྗོད་དེ། ནང་མིར་ཁོང་ལ་ཟ་མ་དང་གྱོན་ཆས་སོགས་ཀྱང་སྟེར་འཇུག་གི་མེད་པར་བཀག་བསྐྱིལ་བྱས་ཡོད་སྟབས། རྒྱ་གཞུང་གིས་མ་ཉེས་ཁག་གཡོག་གིས་ནག་ཉེས་ཆེན་བཙུགས་ཏེ་ཁོང་ལ་ཁྲིམས་ཆད་ལྕི་མོ་གཅོད་སྲིད་པའི་ཐད། ཁོང་གི་ནང་མི་ཉེ་འབྲེལ་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག
![mmexport1380140900 copy](https://tb.tchrd.org/newsite/tb/wp-content/uploads/2013/09/mmexport1380140900-copy-150x150.jpg)
རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་བ། གཞས་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཤེས་ལྡན་པ་སྣ་ཁག་གསང་བའི་ཐོག་འཇུ་བཟུང་བཙན་ཁྲིད་བྱས་ཐོག ཁོང་ཚོའི་ནང་མིར་བརྡ་ལན་གང་ཡང་མ་སྤྲད་པར་ཁྲིམས་འགལ་ཐོག་དུས་ཡུན་རིང་པོར་གར་སོང་ཆ་མེད་ཀྱི་གྱུར་རྗེས། ཆབ་སྲིད་ཀྱི་ནག་ཉེས་འདྲ་མིན་བཙུགས་ཏེ་ཁྲིམས་ཐག་གཅོད་ཀྱིན་ཡོད། བྱེད་སྟངས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཁག་དང་རྒྱབ་འགལ་དུ་གྱུར་ཡོད་པ་མ་ཟད། རྒྱ་གཞུང་གི་བཅའ་ཁྲིམས་དང་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་ཀྱི་གཏན་འབེབས་ཁག རྒྱ་གཞུང་རང་ཉིད་ཀྱིས་རྡོག་རོལ་རྩིས་མེད་གཏོང་བཞིན་པའི་བྱ་སྤྱོད་ཅིག་ཆགས་ཡོད་ལ། གནས་སྟངས་འདིས་རྒྱ་གཞུང་གིས་གཏན་ལ་ཕབ་པའི་ཁྲིམས་ཡིག་ཁག་ནི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་སྤྱད་ཅིག་མ་ཡིན་པར། ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་སྤྱད་ཀྱི་ལག་ཆ་ཙམ་ཡིན་པ་གསལ་བོར་མངོན་ཡོད།