བོད་མདོ་སྨད་རྔ་བ་རུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག

shichung 01
རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་རང་ལོ་ ༤༡ ཡིན་པའི་བོད་མི་ཞི་ཆུང་ལགས།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་གཞུང་གིས་ད་ལྟའི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་སྒོ་མང་ཡུལ་ཚོ་མཐའ་བ་སྡེ་བའི་བོད་མི་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་མང་ཚོགས་ཐོག་མེ་མདའ་སྐོར་དེ་དམ་དྲག་འཇིགས་སྐུལ་བྱས་པར་བརྟེན། མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུགས་འཛིངས་ཤོར་གྲབས་ཀྱི་གནས་ཚུལ་བྱུང་ཡོད་འདུག ཞི་ཆུང་ལགས་ནི་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༡༢༡ པ་དེ་ཆགས་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་སྒོ་མང་ཡུལ་ཚོ་སྒོ་མང་མཐའ་བ་སྡེ་བའི་རང་ལོ་ ༤༡ ཡིན་པའི་བོད་མི་ཞི་ཆུང་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ། རྔ་པ་ནས་མགོ་ལོག་ཕྱོགས་སུ་འཐེན་ཡོད་པའི་གཞུང་ལམ་དང་ཐག་ཉེ་བའི་ས་ཡོད་པའི་རང་ཁྱིམ་གྱི་སྒོ་འགྲམ་ནས་རང་ལུས་མེ་རུ་བསྒྲོན་ཏེ། སྐད་འབོད་གནང་བཞིན་གཞུང་ལམ་གྱི་ཕྱོགས་སུ་གོམ་པ་བཞི་བཅུ་ཙམ་རྒྱུགས་ཡོད་ཅིང་། མཐར་མེ་ཕུང་ཁྲོད་ས་གནས་དེ་གར་འགྱེད་དེ་སྐུ་གྲོངས་ཡོད་འདུག

ཉིན་ཤས་སྔོན་ལ་ཞི་ཆུང་ལགས་ཀྱིས་ཁོང་གི་གྲོགས་པོ་ཚོར་“རྒྱ་ནག་ཚང་གིས་ང་ཚོ་འདུག་འཇུག་ས་མ་རེད་”ཟེར་ནས་ཐེངས་མང་བཤད་ཡོད་འདུག ཕྱི་ཚེས་ ༢༨ ཀྱི་ཉིན་རྒྱབ་ཁོ་རང་མཎ་སྟོན་འཚོགས་ས་ནས་ཕྱིར་རང་ཁྱིམ་དུ་སོང་སྟེ། ༸གོང་ས་མཆོག་གི་སྐུ་པར་མདུན་དུ་མཆོད་མེ་ཞིག་བསྒྲོན་ཡོད་འདུག

ཉིན་དེར་སྒོ་མང་མཐའ་བ་སྡེ་བའི་ “མཎ་སྟོན” ཞེས་པའི་ལོ་ལྟར་མ་ཎི་གསོག་སྒྲུབ་ཀྱི་ཆོས་ཀྱི་བྱེད་སྒོ་དང་འབྲེལ་བའི་དབྱར་སྐྱིད་གཏོང་སྲོལ་ཡོད་པ་དེ་ཚོགས་བཞིན་ཡོད་སྟབས། སྡེ་བའི་མང་ཚོགས་ཀྱིས་ཀི་ལྡིར་བྱེད་བཞིན་རང་ལུས་མེར་བསྲེག་གཏོང་མཁན་ཞི་ཆུང་ལགས་ཀྱི་སྐུ་ཕུང་ལ་བདག་ཉར་བྱེད་དུ་རྒྱུགས་ཡོད་ཀྱང་། མཎ་སྟོན་འཚོགས་སར་རྒྱ་གཞུང་གིས་སྔོན་ནས་ཆེད་དུ་ལྟ་རྟོག་བྱེད་མཁན་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་སྟབས། ཉེན་རྟོག་པ་དེ་དག་གིས་མི་མང་གི་ཐོག་ལ་མེ་མདའ་སྐོར་ཏེ་འགྲོ་མ་བཅུག་པར་བཙན་འགོག་བྱས་པར་བརྟེན། མང་ཚོགས་དང་ཉེན་རྟོག་པའི་བར་ལ་འཁྲུག་པ་ཆེན་པོ་ཤོར་གྲབས་བྱས་ཡོད་འདུག

ཡིན་ནའང་། སྐབས་དེར་སྡེ་བའི་མི་སྐྱ་རྒན་པ་རྣམས་ཀྱིས་མང་ཚོགས་ལ་རོ་གཅིག་གི་སྒང་ལ་གཉིས་ཀྱི་སྣོན་མར་ཆགས་ཉེན་ཆེ་བས། སྤྱི་སྒེར་གཉིས་ཀར་སྡུག་ཐོག་སྡུག་བརྩེགས་མ་གཏོགས་མི་ཡོང་བས་ཞི་འཇམ་བྱེད་དགོས་པའི་འབོད་སྐུལ་རིམ་པར་བྱས་ཤིང་། རྒྱ་གཞུང་ལ་ཡང་བཙན་ཤེད་ཁོ་ནས་ཡོང་ཐབས་མེད་ཚུལ་ནན་གྱིས་བཤད་མཐར། ཞི་ཆུང་ལགས་ཀྱི་སྐུ་ཕུང་རང་ཁྱིམ་དུ་ཁྱེར་ཏེ་དུས་ཡུན་ཅུང་ཙམ་རིང་འཇོག་བཅུགས་ཡོད་ཀྱང་། རྗེས་སུ་ཉེན་རྟོག་པས་བཙན་འཕྲོག་གིས་རླངས་འཁོར་ནང་བཞག་སྟེ་རྔ་བ་རྫོང་མཁར་གྱི་ཕྱོགས་སུ་ཁྱེར་ཡོད་འདུག

བོད་མི་རིགས་ཀྱི་དཀའ་ངལ་བདེ་སྡུག་ཆེད་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་སྟབས། ས་གནས་བོད་རིགས་མི་མང་གིས་ཀྱང་རང་བསྲེགས་གནང་མཁན་རྣམས་ཀྱི་སྐུ་ཕུང་ལ་མཇལ་ཁ་ཞུ་བ་དང་མཆོད་འབུལ་སྨོན་ལམ་མཛད་དེ། ཁོང་ཚོའི་བློ་གཏོང་དེས་བོད་མི་མང་གི་མངོན་འདོད་མཚོན་གྱི་ཡོད་པའི་ངོས་འཛིན་ཐོག ཁོང་ཚོའི་རྒྱལ་གཅེས་སྙིང་སྟོབས་དང་མཛད་རྗེས་ལ་ཡི་རངས་གུས་བརྩི་གནང་བཞིན་ཡོད་སྟབས། རྒྱ་གཞུང་གིས་དེ་ནི་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་སྟེ་རང་བསྲེགས་ཀྱིས་འདས་གྲོངས་ཕྱིན་ཚར་བའི་སྐུ་ཕུང་དག་ཀྱང་། ནང་མི་དང་ས་གནས་མང་ཚོགས་ཀྱི་ལག་ནས་བཙན་འཕྲོག་བྱས་ཏེ། རྒྱ་གཞུང་རང་གིས་མེར་བསྲེགས་རྗེས་རུས་ཐལ་ཙམ་མ་གཏོགས་ཕྱིར་རྩིས་སྤྲོད་བྱེད་ཀྱི་མེད་པ་རེད། ད་ལྟའི་ཆར་ཞི་ཆུང་ལགས་ཀྱི་སྐུ་ཕུང་ཡང་རྒྱ་གཞུང་གིས་བཙན་འཁྱེར་གྱིས་གར་ཡོད་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་འདུག

རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ནི་དགུང་ལོ་ ༤༡ ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་པ་ལོ་ཟེར་ཞིང་ལོ་ ༣༩ ཙམ་ཡིན་པ་རེད། ཁོང་བཟའ་ཚོ་གཉིས་ལ་ལོ་ ༡༨ ཅན་གྱི་བུ་མོ་ཞིག་དང་། ལོ་ ༡༤ ཅན་གྱི་བུ་ཞིག་བཅས་བུ་ཕྲུག་གཉིས་ཡོད་འདུག ཁོང་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་ཡང་། ཞི་ཆུང་ལགས་ནི་དམིགས་བསལ་ཚེམ་བཟོའི་ལག་ཤེས་ཡག་པོ་ཡོད་མཁན་ཞིག་ཡིན་པས། ཁོང་གིས་རྒྱུན་དུ་རང་ཁྱིམ་ནས་ས་གནས་ཡུལ་མི་རྣམས་ལ་ཉེ་མཁོའི་གྱོན་ཆས་འདྲ་མིན་བཟོས་ཏེ། སྨོན་ལམ་ཆེན་མོའི་སྐབས་སོགས་མི་ཚོགས་འདུ་འཛོམས་སར་ཐང་ཁྲོམ་བསྟན་ཏེ་འཚོང་བཞིན་ཡོད་འདུག

ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཉིན་དེར། སྡེ་བའི་སྐྱ་སེར་མང་པོ་རྒྱལ་གཅེས་དཔའ་བོ་ཁོང་གི་ཁྱིམ་དུ་མྱ་ངན་འཚམས་འདྲི་ཞུ་བར་ཕར་འགྲོ་ཚུར་ཡོང་བྱེད་བཞིན་ཡོད་ཀྱང་། ཉིན་དེར་རྒྱ་གཞུང་གིས་གནས་སྐབས་རིང་བཀག་འགོག་དང་དམིགས་བསལ་དམ་བསྒྲགས་བྱས་མེད་པ་རེད། ཡིན་ནའང་། ས་གནས་སུ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཏེ་ལྟ་རྟོགས་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡།༤༠ ཙམ་ལ། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༧ ཅན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ནས་བཟུང་། ད་ལྟའི་བར་བོད་ནང་དུ་སྔ་ཕྱིར་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མི་ ༡༢༡ བྱུང་ཡོད་ལ། རང་ལུས་མེར་བསྲེགས་གནང་མཁན་གྱི་གྲས་སུ་བླ་མ་དང་གྲྭ་བཙུན། མི་སྐྱ་ཕོ་མོ། སློབ་ཕྲུག་སོགས་ལས་རིགས་འདྲ་མིན་དང་ལོ་ཚད་རྒན་དར་གཞོན་གསུམ་ཚུད་ཡོད་པ་རེད།

ཡིན་ནའང་། རྒྱ་གཞུང་གིས་བོད་མི་དེ་དག་གི་མངོན་འདོད་དང་འབོད་སྐུལ་ལ་བསམ་ཤེས་ཐོག བོད་ནང་སྤེལ་བཞིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལྷོད་ཡངས་སུ་གཏོང་རྒྱུ་ལས་ལྡོག་སྟེ། སྔར་ལས་ལྷག་པར་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ནང་མི་དང་གཉེན་ཉེ་འབྲེལ། གྲོགས་པོ་སོགས་ལ་ཉེས་མིང་སྣ་ཚོགས་བཏགས་ཏེ་སྲོག་ཁྲིམས་དང་། ལོ་ཚད་འདྲ་མིན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་སོགས་བཅད་ཡོད་པ་རེད།

བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱིས། “༸གོང་ས་མཆོག་བོད་ཕེབས་འཇུག་དགོས། བོད་ལ་རང་དགོས། བོད་རང་བཙན་ཡིན། ” སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ནང་འབྱུང་བཞིན་པའི་རང་བསྲེགས་ཀྱི་འབྱུང་རྐྱེན་ངོ་མ་སྦས་གསང་བྱ་ཆེད། མེར་བསྲེགས་གཏོང་མཁན་གྱི་ནང་མིར་དངུལ་འབོར་ཆེན་སྤྲད་དེ། མེར་བསྲེགས་འབྱུང་རྐྱེན་ནི་ཁྱིམ་ཚང་གི་དཀའ་རྙོག་ཡིན་པར་ཁས་ལེན་དགོས་པའི་བསླུ་འཁྲིད་དང་། དེ་བཞིན། མེར་བསྲེགས་གཏོང་མཁན་རྣམས་ནི་ཇག་པ་དང་རྐུན་མ་ཡིན་སྐོར་གྱི་སྐྱོན་འདོགས་དམའ་འབེབས་སོགས་བྱས་ཏེ། རྒྱལ་སྤྱིའི་སྒང་འཁྱོག་བཤད་སྣ་ཚོགས་རྒྱག་གིན་ཡོད་པ་རེད།

to top
Best Choice for Creatives
This Pop-up Is Included in the Theme
Purchase Ekoterra