བོད་ནང་དུ་སློབ་ཕྲུག་ཅིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག

རང་བསྲེགས་གནང་མཁན་སློབ་བུ་ལྷ་མོ་བཀྲ་ཤིས་ཀྱི་འདྲ་པར།
རང་བསྲེགས་གནང་མཁན་སློབ་བུ་ལྷ་མོ་བཀྲ་ཤིས་ཀྱི་འདྲ་པར།

༢༠༡༤ ཕྱི་ཟླ་ ༩ ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ སྟེང་། རང་ལོ་ ༢༢ ཡིན་པའི་བོད་རིགས་སློབ་མ་ལྷ་མོ་བཀྲ་ཤིས་ལགས་ཀྱིས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

འདི་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་གྱི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་བཞིན་པའི་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་བ་ཞིག་ཡིན་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད་འདུག ཡིན་ནའང་། ཁོང་གིས་རང་ལུས་མེར་སྐབས་འབོད་ཚིག་ཅི་ཞིག་བསྒྲགས་ཡོད་མེད་དང་། ཤུལ་དུ་ཞལ་ཆེམས་ཡི་གེ་སོགས་བཞག་ཡོད་མེད་གསལ་རྟོགས་ཐུབ་ཀྱི་མེད་པ་རེད།

སློབ་བུ་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་མ་ཐག རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་ཁྱེར་བྱས་ཡོད་པ་དང་། དེ་རྗེས་སྐུ་གྲོངས་ཡོད་ཚུལ་ཁོང་གི་ནང་མིར་བརྡ་ལན་སྤྲད་ཡོད་འདུག ནང་མི་དང་གཉེན་ཉེ་ཚོ་གཙོས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་སུ་སོང་ནས། ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་ཞུ་སྐུལ་བྱས་ཡོད་ཀྱང་རྒྱ་གཞུང་གིས་ངོས་ལེན་བྱས་མེད་པ་རེད། རྗེས་སུ་ཁོང་གི་ཕུང་པོའི་རུས་ཐལ་ཡིན་ཟེར་ནས་རུས་ཐལ་ཞིག་ནང་མིར་ཚུར་སྤྲད་ཡོད་འདུག

བོད་མི་ལྷ་མོ་བཀྲ་ཤིས་ལགས་ནི་བོད་མདོ་སྨད་ཨ་མཆོག་ནས་ཡིན་ལ། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོར་རྭ་ཡུལ་ཚོའི་འོག་ཡོད་པའི་ཨ་མཆོག་སྒྲོག་མདོ་སྡེ་བ་ནས་ཡིན་པ་རེད། ཁོང་གི་ཕའི་མིང་ལ་གཅོད་པ་ཚེ་རིང་དང་མའི་མིང་ལ་གདུགས་དཀར་མཚོ་ཟེར། ཕ་གཅོད་པ་ཚེ་རིང་ལགས་ནི་ཚོང་ལས་གཉེར་མཁན་ཞིག་ཡིན་འདུག ཁོང་ཚང་ཚང་ལ་བུ་སྤུན་གསུམ་ཡོད་པའི་ནང་ནས་འབྲིང་བ་དེ་ཡིན་པ་རེད། ཉེ་ཆར་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ནང་སློབ་གཉེར་གནང་བཞིན་ཡོད་འདུག ཁོང་གིས་སློབ་གཉེར་ཡུལ་གནང་ཡུལ་གྱི་སློབ་གྲྭ་དེ་གང་ཡིན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ཡིན་ནའང་། སྤྱི་ཚོགས་དྲ་རྒྱའི་སྒང་གནས་ཚུལ་ཐོན་པར་གཞིགས་ན། དེ་སྔའི་གཙོད་དགེ་ཐོན་ཆེད་གཉེར་སློབ་གྲྭ་ཡིན་འདུག ད་ལྟའི་ཆར་སློབ་གྲྭ་དེ་གའི་མིང་ལ་ཀན་ལྷོ་མི་རིགས་དགེ་ཐོན་སློབ་གླིང་དུ་བསྒྱུར་ཡོད་འདུག

རང་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་སློབ་ཕྲུག་ཚེ་རིང་སྐྱིད་དང་། པན་ཆེན་སྐྱིད། ལྷ་མོ་བཀྲ་ཤིས་གསུམ་གྱི་འདྲ་པར།
རང་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་སློབ་ཕྲུག་ཚེ་རིང་སྐྱིད་དང་། པན་ཆེན་སྐྱིད། ལྷ་མོ་བཀྲ་ཤིས་གསུམ་གྱི་འདྲ་པར།

ལྷ་མོ་བཀྲ་ཤིས་ལགས་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ ༡༣༡ དང་། བོད་ནང་གི་རང་ལུས་བསྲེགས་གནང་མཁན་ཁྲོད་ཀྱི་སློབ་ཕྲུག་ ༣ པ་དེ་ཆགས་ཡོད། རང་ལུས་མེར་བསྲེགས་གནང་མཁན་སློབ་ཕྲུག་གསུམ་ནི། ༢༠༡༢ ཕྱི་ཟླ་ ༣ ཚེས་ ༣ ཉིན་རང་ལུས་མེར་བསྲེགས་གནང་མཁན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་རང་ལོ་ ༢༠ ཡིན་པའི་སློབ་མ་ཚེ་རིང་སྐྱིད་དང་། ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༩ ཉིན་རང་ལུས་མེར་བསྲེགས་གནང་མཁན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོད་ཡིག་སློབ་འབྲིང་གི་རང་ལོ་ ༡༧ ཡིན་པའི་སློབ་མ་པན་ཆེན་སྐྱིད། དེ་བཞིན། ༢༠༡༤ ཕྱི་ཟླ་ ༩ ཚེས་ ༡༧ ཉིན་རང་ལུས་མེར་བསྲེགས་གནང་མཁན། ཀན་སུའུ་ཞིང་ཆེན་གཙོད་གྲོང་ཁྱེར་དགེ་ཐོན་ཆེད་གཉེར་སློབ་གྲྭའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་བཅས་ཡིན་པ་རེད།

to top