བོད་དགེ་ཞིག་ཞི་རྒོལ་ལ་བརྟེན་ནས་འཇུ་བཟུང་གིས་ད་ལྟ་གློད་སྐབས་གཟུགས་གཞི་སྐྱོ་བ་ཆགས་འདུག

kunkhen

བོད་ཡིག་དགེ་རྒན་དང་སྒྱུ་རྩལ་བའང་ཡིན་པའི་བོད་མི་ཞིག་ལ།         ཁ་བྲལ་དང་གསང་ཉུལ་བའི་ཉེས་མིང་འོག་ལོ་དགུ་ཁྲིམས་ཆད་ཁུར་ནས་ཟླ་སྔོན་མའི་ནང་།     ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏོའི་མན་ཡེང་བཙོན་ཁང་ནས་ཁྲིམས་ཐག་དུས་ཡུན་རྫོགས་ནས་གློད་གྲོལ་བཏང་འདུག

དགུང་ལོ་༤༣ ཡིན་པའི་འཇམ་དབྱངས་ཀུན་མཁྱེན་ནི། ཕྱི་ལོ་༢༠༠༧ཟླ་༨ཚེས་༢༢ ཉིན། རོང་རྒྱས་ཨ་གྲགས་གཅིག་པུས་རྒྱ་གཞུང་ལ་ངོ་རྒོལ་རྗེས་གང་བྱུང་འཇུ་བཟུང་དང་འབྲེལ་ནས་འཛིན་བཟུང་བྱས་པ་ཞིག་ཆགས་ཡོད།

འཛིན་བཟུང་གི་ཁ་ཐུག་ལ་དགུང་ལོ་༣༤ ཡིན་པའི་ཀུན་མཁྱེན་གཟུགས་གཞི་བདེ་ཐང་ཡིན་ཡང་། ལོ་འདིའི་ཟླ་༨ཚེས་༢༡ཉིན་གློད་དུས། ཁོང་གི་མིག་གི་མཐོང་མི་ཐུབ་པ་དང་རྣ་བས་གོ་མི་ཐུབ་པ། དེ་བས་མཆི་ཏོ་ཀྱོག་ཀྱོག་ཆགས་འདུག་པ་མ་ཟད།    སླད་ཕྱིན་ཞ་ར་ཆགས་ཉེན་ཡོད་འདུག ཡང་བཙོན་ནས་ཁོང་ལ་ཀླད་ཁྲག་འགོག་པའི་དཀའ་ངལ་ཞིག་འཕྲད་སྐབས་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྤྱར་པར་བརྟེན།  ཁོང་གི་མཆི་ཏོ་ཀྱོག་ཀྱོག་ཆགས་པར་རེད་འདུག་ལ།  ཡང་འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་མཁོ་སྤྲོད་པས་བཤད་གསལ་ལྟར་ན།  ཁོང་ལ་བཀག་ཉར་ཁང་གི་འདྲི་གཅོད་ཀྱི་སྔ་ཕྱི་རུ་ཚད་ལས་བརྒལ་པའི་སྡུག་སྦྱོང་མནར་གཅོད་བཏང་འདུག

ཕྱི་ལོ་༢༠༠༧ཟླ་༡༡ཚེས་༢༠ཉིན། དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀུན་མཁྱེན་ལ་ཁྲིམས་ཐག་བཅད་འདུག   ཁོང་དང་ལྷན་དུ་རོང་རྒྱས་ཨ་གྲགས་ཀྱི་ཚ་བོ་གྲྭ་བློ་སྤོ་དང་འབྲོག་པ་བློ་ཐག་ཞུས་པ་གཉིས་ལའང་ཁྲིམས་ཁང་དེ་ག་རང་ནས་ཁྲིམས་ཐག་ལོ་༡༠ ནས་ ༣ བར་བཅད་ཐོག     གསུམ་ཀར་གསང་ཉུལ་བའི་ཉེས་མིང་བཙན་འགེལ་བྱས་པ་ཡོད་པ་མ་ཟད།  ཀུན་མཁྱེན་དང་བློ་སྤོ་གཉིས་ཀྱིས་ཡིག་ཆ་འགྲེམས་སྤེལ་གྱི་སྒོ་ནས་ཁ་བྲལ་གྱི་བྱ་འགུལ་བརྩམས་པའི་ཉེས་ཆད་འཕར་མ་བཏང་འདུག

བཙོན་ཐག་བཅད་ཉིན།  རྒྱ་གཞུང་གི་གཞུང་འབྲེལ་ཞིན་ཧ་གསར་ཁང་གིས། ཀུན་མཁྱེན་དང་བློ་སྤོ། བློ་ཐག་བཅས་ལ་ཐད་ཀར་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་རབས་དང་། ཁོང་ཚོས་རོང་རྒྱས་ཨ་གྲགས་ཀྱིས་ངོ་རྒོལ་གནང་སྐབས་པར་རྒྱབ་ཅིང་གནས་ཚུལ་བཟོས་ནས་ཕྱི་ལ་གཏོང་བ་རེད་ཅེས་བསྒྲགས་འདུག

དགུང་ལོ་༥༢ཡིན་པའི་རོང་རྒྱས་ཨ་གྲགས་ནི་ཕྲུ་གུ་༡༡ གི་ཨ་ཕ་ཡིན་ཞིང་། ཁོང་གིས་ཕྱི་ལོ་༢༠༠༧ཕྱི་ཟླ་༨ཚེས་༡ཉིན།  ཁམས་ལི་ཐང་གི་ལོ་འཁོར་རྟ་རྒྱུག་འགྲན་ཚོགས་དུས་ཆེན་གྱི་སྐབས་སུ་གཅིག་པུས་ཞི་རྒོལ་གནང་བས།  ས་གནས་ཉེན་རྟོག་པས་ཨ་གྲགས་འཇུ་བཟུང་བྱས། དེར་བསྟེན་ནས་ས་གནས་མི་མང་བརྒྱ་ཕྲག་མང་བོས་ཉེན་རྟོག་ཁང་གི་མཐའ་སྐོར་ནས་ངོ་རྒོལ་བརྩམས་པ་ན།   ཉེན་རྟོག་པས་མི་མང་གི་སྟེང་ལ་མིག་བཀག་བྱེད་ཀྱི་དབྱིངས་དབུགས་གཏོར་བ་དང་། བར་སྣང་དུ་མེ་མདའ་རྒྱབ་འདུག

སྐབས་དེར་ཀུན་མཁྱེན་ལ་པར་ཆས་ཤིག་ཡོད་པ་ས་གནས་བདེ་འཇགས་ཉེན་རྟོག་པ་མཐོང་འདུག་པ་བཞིན། རྗེས་ནས་ཁོང་གི་ཁྱིམ་བསྔོག་བཤེས་བྱེད་སྐབས་ལག་སོན་བྱུང་འདུག

ད་ལྟ་ཀུན་མཁྱེན་བཙོན་ནས་གློད་འདུག་ཀྱང་།    ཁོང་གི་འགྲོ་འདུག་སྤྱོད་མུ་མཐུད་དམ་དྲག་འོག་གནས་དགོས་ངེས་ཤིང་།  ལྷག་པར་འགྲོ་བསྐྱོད་རང་དབང་ལ་དམ་དྲག་བྱས་པ་ལ་བརྟེན་ནས་སྨན་བཅོས་བྱེད་རྒྱུ་དང་ནད་གཞི་སངས་དྲག་ཡོང་རྒྱུ་དཀའ་ངལ་འཕྲད་ངེས་པས་བློ་འཚབ་ཡོད།

ཡང་ཀུན་མཁྱེན་གློད་ཉིན་ནས།  ཁོང་གི་ཆབ་སྲིད་ཀྱི་རང་དབང་ལོ་བཞི་ལ་འཕྲོག་ངེས་ཀྱང་། རྒྱ་གཞུང་གིས་དེ་ལ་བརྟེན་ནས་ཁོང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་མི་གཏོང་པའི་ཁག་ཐེག་བྱེད་དགོས་པ་ཞིག་ཆགས་ཡོད།

to top