| བོད་ཁམས་ཕྱོགས་ནག་ཆུ་ས་ཁུལ་ཤག་རོང་པོ་སྲ་ཁུ་གྲོང་ཚོ་ནས་ཡིན་པའི་རང་ལོ་ ༥༢ ཡིན་པའི་སྤྱི་ཚོགས་ཞབས་ཞུ་བ་དང་ཁེ་ལས་པ་བསྟན་འཛིན་ཆོས་འཕེལ་ལགས་ལ་རྒྱ་ནག་གཞུང་གིས་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་འོག་མི་ལོ་བཅོ་བརྒྱད་ཀྱི་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་བཏང་བར་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བློ་ཕམ་ཚད་མེད་དང་བཅས་ཁྲིམས་ཆད་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།
འདི་གར་ཁུངས་དག་གི་གནས་ཚུལ་འབྱོར་གསལ་ལྟར་ན་བསྟན་འཛིན་ཆོས་འཕེལ་ལགས་ལ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༠༥ པའི་ཚེས་༢༤ ཉིན་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཟེར་བ་དང་། “ཁྲིམས་འགལ་ཐོག་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་” “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཚོང་ལས་བྱེད་པ་”ཟེར་བ་སོགས་ཉེས་མིང་འདྲ་མིན་བཀལ་ཏེ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་དང་ལོ་ལྔའི་རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་མ་ཟད་རྒྱ་གཞུང་གིས་ཁོང་གི་རྒྱུ་དངོས་མཐའ་དག་གཞུང་བཞེས་བཏང་ཡོད་པ་རེད། ཁོང་ཉིད་ལྷ་ས་གྲོང་ཁྱེར་ཆུ་ཤུར་བཙོན་ཁང་དུ་བཅུག་མུས་ཡིན་པ་རེད།
དྲང་བདེན་མ་ཡིན་པའི་ཁྲིམས་ཆད་འདི་བཏང་བའི་རྗེས་སུ་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་ནང་མིའི་ངོས་ནས་བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཟེར་བར་གོང་རིམ་ཞུ་གཏུག་བརྒྱབས་འདུག་ཀྱང་ཞུ་གཏུག་ངོས་ལེན་བྱས་མི་འདུག ཁོང་གི་གནད་དོན་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུར་ངོས་ལེན་མི་བྱེད་པ་ནི་རྒྱ་ནག་གི་ཁྲིམས་ཐོག་ཏུ་གོང་རིམ་ཞུ་གཏུག་བྱ་བའི་ཐོབ་ཐང་ཡོད་ཅེས་འཁོད་པ་དེ་ཉིད་མིང་ཙམ་ཡིན་པ་གསལ་པོ་མཚོན་ཐུབ།
བསྟན་འཛིན་ཆོས་འཕེལ་ལགས་ནི་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༠༣ པའི་ཚེས་ ༣༠ ཉིན་ཁྲེན་ཏུ་ནས་ཚོང་གི་སྐོར་སྐྱོད་ཅིག་གྲུབ་ཏེ་ལྷ་སའི་གངས་དཀར་གནམ་ཐང་དུ་བབས་མ་ཐག་ཉེན་རྟོག་པས་འཇུ་བཟུང་བྱས་འདུག་ཅིང་དེ་ནས་ལོ་གཅིག་ལྷག་གི་རིང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འོག་ཏུ་ལྷུང་འདུག ཁོང་ནི་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་ཞིག་དང་མི་མང་སྐྱོ་པོར་རོགས་སྐྱོར་བྱེད་པ་དང་བོད་མིའི་ནང་ཁུལ་དུ་འཆམ་མཐུན་སྤེལ་བ་སོགས་ཀྱི་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཞིག་ཡིན་པ་རེད།
ཉེ་དུས་རྒྱ་ནག་གཞུང་གིས་བསྟན་འཛིན་ཆོས་འཕེལ་ལྟ་བུའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་བོད་མི་མང་དག་ཅིག་འབུར་འཇོམས་གཏོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པའི་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་། བོད་ཀྱི་ཤེས་ལྡན་མི་སྣ། རྩོམ་པ་པོ། སྤྱི་ཚོགས་ཀྱི་སྣེ་ཁྲིད་མི་སྣ་སོགས་ཚུད་ཡོད། ལས་འགུལ་དེ་ཉིད་ཞི་ཅིན་ཕིང་གི་སྐབས་དུས་སུ་ལྷག་ཏུ་རྒྱ་ཆེར་སྤེལ་བཞིན་འདུག་པས་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་སོགས་ལ་མི་འདོད་པའི་རྣམས་འགྱུར་སྟོན་མཁན་གཅིག་ཀྱང་མ་ལུས་པ་མེད་པ་བཟོ་བར་དམིགས་པ་ཞིག་རེད།
ལྷག་པར་དུ་ཁམས་འབྲི་རུ་དང་སོག་རྫོང་། ཤག་རོང་པོ་སོགས་སུ་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་དང་བྱེད་མུས་ཡིན། ས་ཁུལ་དེ་དག་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ལས་བརྒལ་བའི་བཀག་ཉར་ལམ་ལུགས་ལག་བསྟར་བྱས་ཏེ་བོད་མི་མི་ཉུང་བ་ཞིག་དམར་གསོད་གཏོང་བ་དང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བ། གང་བྱུང་འཇུ་བཟུང་བྱེད་པ་སོགས་ཀྱི་དོན་རྐྱེན་རྒྱུན་མཐུན་དུ་བྱུང་དང་འབྱུང་མུས་ཡིན། ཕྱི་ལོ་ ༢༠༢༠ ལོར་འདི་ག་ལྟེ་གནས་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན་ཕྱི་ལོ་ ༢༠༡༣ ལོར་འབྲི་རུར་དྲག་གནོན་བྱས་པ་ནས་བཟུང་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་འབྲི་རུ་གཅིག་པུ་ནས་བོད་མི་ ༦༠༠ ཙམ་བཙོན་འཇུག་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ལེགས་པོ་ཡོད་པའི་བོད་མི་རྣམས་ཚར་གཅོད་གཏོང་བའི་ལས་འགུལ་འདི་འཕྲལ་དུ་མཚམས་འཇོག་བྱེད་དགོས། ལྷག་པར་དུ་བསྟན་འཛིན་ཆོས་འཕེལ་ལྟ་བུར་འདི་ལྟར་བསམ་ཡུལ་ལས་འདས་པའི་ཁྲིམས་ཆད་ཤིན་ཏུ་ལྕི་མོ་གཏོང་བཞིན་པ་དེས་རྒྱ་ནག་གཞུང་གི་འོག་ཏུ་དམར་ཤོག་ཚོགས་པའི་བསམ་ཚུལ་དང་མི་མཐུན་པའི་སྐད་ཆ་ཤོད་སའི་ཁོར་ཡུག་ཅིག་རྩ་ནས་མེད་པ་གསལ་པོ་མཚོན་ཐུབ། ཧ་ཅང་ཛ་དྲག་ཆེ་བའི་གནད་དོན་འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་སྡེ་ཁག་ཚང་མས་ངེས་པར་དུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་མ་ཟད་བསྟན་འཛིན་ཆོས་འཕེལ་ལགས་གཙོས་པའི་ནག་ཉེས་གང་ཡང་མེད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་ཐབས་ལ་འབད་བརྩོན་ཡོད་རྒུ་རྩལ་སྤྲུག་འདོན་དགོས་པ་ཡིན། | |