བོད་ཀྱི་ན་གཞོན་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཡུན་གནས་དར་སྤེལ་སྐོར་གྱི་ཟབ་སྦྱོང་ཕུལ་བ།འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གར་གྱི་ས་ཕྱོགས་འདྲ་མིན་ནང་ཁྲིམས་ལུགས་དང་སེམས་ཁམས་རིག་པ། ཆབ་སྲིད་རིག་པ། ཚོང་དོན་རིག་པ། རྩིས་འཕྲུལ་རིག་པ། སྐྱེས་དངོས་རིག་པ། གསར་འགོད་རིག་པ་སོགས་སློབ་ཚན་སྣ་མང་སྒང་མཐོ་རིམ་སློབ་སྦྱོང་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་སློབ་ཕྲུག་ཁག་ཅིག་དང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གནས་སྤོ་བ་དང་སྐྱབས་བཅོལ་བའི་ལས་འཆར་ཚོགས་པའི་ལས་བྱེད་འཇམ་དབྱངས་ལྷ་མོ་ལགས་དང་། ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་ཉི་མ་ལྷ་མོ་ལགས། སྦེང་ལོར་ལ་ཁྲིམས་ལུགས་ཀྱི་ཕྱག་ལས་གནང་བཞིན་པའི་ཁྲིམས་ལུགས་སློབ་ཟུར་རིན་ཆེན་དབང་རྒྱལ་ལགས་བཅས་ཚོགས་བཅར་བ་ཉི་ཤུ་རྩ་དྲུག་ལ་ཕྱི་ཟླ་ ༧ པའི་ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་གྱི་རིང་འགྲོ་བ་མིའི་ཐོབ་ཐང་དང་ཡུན་གནས་དར་སྤེལ་སྐོར་གྱི་ཟབ་སྦྱོང་ཕུལ་ཡོད།
ཟབ་སྦྱོང་འདི་ནི་འདི་ག་ལྟེ་གནས་ཁང་གི་ལོ་རེའི་གོ་རྟོགས་སྤེལ་བའི་ལས་གཞི་ཁྲོད་ནས་གལ་ཆེ་ཤོས་ཤིག་ཡིན་ཞིང་། ཟབ་སྦྱོང་ཉིན་གསུམ་སྤེལ་བའི་རིང་འགྲོ་བ་མིའི་ཐོབ་ཐང་གི་ངོ་སྤྲོད་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་ཐབས་ཀྱི་བརྒྱུད་ལམ་ངོ་སྤྲོད། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གཙོ་བོར་གྱུར་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་སྤྲོད། ཡུན་གནས་དར་སྤེལ་སོགས་བརྗོད་གཞིར་བྱས་པའི་ལས་རིམ་དྲུག་ཙམ་སྤེལ་ཡོད།
ཉིན་དང་པོའི་ནང་དུ་འདི་ག་ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ་བསྟན་འཛིན་ཟླ་བ་ལགས་དང་ཁྲིམས་དོན་ལས་བྱེད་བསྟན་འཛིན་ནོར་སྒྲིན་ལགས་གཉིས་ཀྱིས་འགྲོི་བ་མིའི་ཐོབ་ཐང་དང་རྩ་འཛིན་ཁག་ངོ་སྤྲོད་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་འོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་དང་འགྲོི་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་ཐབས་ཀྱི་བརྒྱུད་རིམ་རྣམས་གྱོད་དཔེའི་ལམ་ནས་ངོ་སྤྲོད་བྱས། ལས་རིམ་ཡོངས་རྫོགས་ཀྱི་ནང་དུ་ཟབ་སྦྱོང་མཉམ་ཞུགས་གནང་མཁན་རྣམས་འཛུལ་ཞུགས་དགོས་པའི་བྱེད་སྒོ་སྣ་མང་ཞིག་གོ་སྒྲིག་བྱས་ཏེ་ཟབ་སྦྱོང་གི་ནང་དོན་རྣམས་བྱེད་སྒོ་དང་དཔེ་འགྲོས་ཀྱི་ལམ་ནས་ངོ་འཕྲོད་ཐབས་བྱས་ཡོད།
ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འགྲེལ་བརྗོད་བྱས་ཤིང་། ཆབ་སྲིད་དང་སྤྱི་དམངས། སྐད་ཡིག རིག་གཞུང་། ཤེས་ཡོན། དཔལ་འབྱོར་དང་འཚོ་བ་སོགས་ཀྱི་ཐོབ་ཐང་གི་གནས་བབ་ངོ་སྤྲོད་བྱས་པ་མ་ཟད་། རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་སྐབས་སུ་ཆེས་ཆེར་སྤྱོད་ཆེ་བའི་གཉའ་གནོན་གཏོང་བྱེད་ཀྱི་བརྡ་ཆད་དང་ཁྲིམས་འགལ་གྱི་སྲིད་ཇུས་རྣམས་གསལ་འདོན་བྱས་ཡོད། ཟབ་སྦྱོང་ལ་ཞུགས་མཁན་ཚོར་སྤྱི་ཚོགས་ཁྲོད་ཀྱི་གནས་བབ་འདྲ་མིན་གྱི་མིང་སྤྲད་དེ་དེ་དག་གི་ཁྲོད་དུ་ཁེ་དབང་མཐོ་ཤོས་སུ་ཡིན་མིན་དང་ཉམས་ང་ཤོས་སུ་ཡིན་མིན་བཙལ་ཆོད་ཐབས་སུ་ Dinamica ཞེས་པའི་“མྱོང་སེམས་འགུལ་གསུམ་”གཞིར་བཞག་གི་བྱེད་སྒོ་ཡང་སྤེལ་ཡོད། བྱེད་སྒོ་དེས་ཟབ་སྦྱོང་མཉམ་ཞུགས་པ་རྣམ་པར་ནམ་རྒྱུན་མཉམ་མ་བཞག་པའི་སྤྱི་ཚོགས་ཁྲོད་ཀྱི་གྲལ་རིམ་དང་དབྱེ་འབྱེད་སོགས་ངོས་ཟིན་པ་བྱས་ཡོད།
ཟབ་སྦྱོང་ཉིན་གསུམ་པའི་སྐབས་སུ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་བཙན་གྱིས་གྲོང་དུ་སྤོ་བཅུག་པའི་སྐོེར་ནས་བོད་མི་ཚོའི་སྲོལ་རྒྱུན་གྱི་འཚོ་གནས་དང་ཡུན་གནས་དར་སྤེལ། མཐོ་སྒང་ཁོར་ཡུག་གི་སྣོད་བཅུད་སོགས་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ཐད་འགྲེལ་བརྗོད་གནང་ཞིང་། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་དང་འབྲེལ་བའིོ་རྒྱ་ནག་གཞུང་གི་དབྱེ་འབྱེད་ཆེ་བའི་ཁྲིམས་དང་སྲིད་ཇུས་ཀྱི་འོག་ནས་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ས་ཆའི་བདག་དབང་ཤོར་བཞིན་པ་དང་ཟས་རིགས་ཀྱི་དཀའ་ངལ་གསར་དུ་འཕྲད་བཞིན་པ་སོགས་འགྲེལ་བརྗོད་གནང་།
ཟབ་སྦྱོང་འདི་ལ་ཆེད་མངགས་གདན་འདྲེན་ཞུས་པའི་ཕྱུགས་ལས་ཆེད་མཁས་འབུམ་རམས་པ་ཨེལ་ས་ Ilse Kohler-Rollefson ལགས་ཀྱིས་“འགྲོ་བ་མིའི་ཐོབ་ཐང་བརྒྱུད་ནས་ཕྱུགས་ལས་དར་སྤེལ་”ཞེས་པའི་བརྗོད་གཞིའི་སྒང་ལ་གསུངས་བཤད་གནང་བའི་ནང་། ཕྱུགས་ལས་དང་སྣོད་བཅུད་དབར་གྱི་གཞི་མཐུན་གྱི་འབྲེལ་བ་དང་ཕྱུགས་ལས་དར་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་དབར་གྱི་གཞི་མཐུན་གྱི་འབྲེལ་བ། འཛམ་གླིང་ས་ཕྱོགས་མང་པོའི་ནང་དུ་ཕྱུགས་ལས་ལ་འཕྲད་བཞིན་པའི་འགོག་རྐྱེན་དང་ཉེན་ཁ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་།
ཁོ་མོས་“ཕྱུགས་ལས་ནི་ཐོན་ཁུངས་གང་ཡོད་པར་བསྟུན་ནས་འགྲོ་ཞིང་ས་འོག་གི་ཆུ་གཙང་བཟོ་བྱེད་པ་དང་རི་སྐྱེས་སྲོག་ལ་དགོས་མཁོ་བསྐྲུན་མཁན་གྱི་ལས་རིགས་ཤིག་ཡིན་པས་དེ་ནི་མི་དང་ཕྱུགས་ཟོག སའི་གོ་ལ་གསུམ་གར་ཧ་ཅང་འཕྲོད་པ་ཡིན། མ་ཟད་ཕྱུགས་ལས་ཀྱི་ཁྲོད་དུ་གསོ་སྐྱོང་བྱས་པའི་སེམས་ཅན་རྣམས་ལ་རི་སྐྱེས་སེམས་ཅན་ལས་ཀྱང་ཚེ་ཚད་རིང་བ་ཡོད་”ཅེས་གསུངས་སོང་།
འབུམ་རམས་པ་ཨེལ་ས་ལགས་ནི་འབྲོག་ལས་མཐུན་ཚོགས་ the League for Pastoral People ཞེས་པའི་ཚོགས་པ་འཛུགས་མཁན་དང་འགན་འཛིན་ཡིན་ཞིང་འདས་པའི་མི་ལོ་སུམ་ཅུ་ཙམ་གྱི་རིང་རྒྱ་གར་བྱང་ནུབ་ཀྱི་མངའ་སྡེ་ར་ཇི་སི་ཐན་གྱི་རྔ་མོང་ལ་བསྟེན་པའི་འབྲོག་པ་རྣམས་རྒྱུན་གནས་ཐུབ་ཐབས་སུ་ཕྱག་ལས་གནང་མུས་ཡིན་པ་རེད། ཁོ་མོའི་དཔེ་དེབ་གསར་པ་“ཕྱུགས་ལས།: གས་ཆགས་ཤོར་བའི་འཇིག་རྟེན་གྱི་གསོ་ཐབས་རིག་པ།”ཞེས་པ་ལོ་རྗེས་མར་འདོན་འཆར་ཡོད་པ་རེད།
གདན་ཞུས་གསུང་བཤད་པ་གཞན་ཞིག་ནི་རྒྱ་གར་གྱི་སྤྱི་དམངས་ཀྱི་རང་དབང་མཐུན་ཚོགས་ People’s Union for Civil Liberties ཀྱི་དྲུང་ཆེ་ལྕམ་ཀ་ཝི་ཏ་ Kavita Srivastava ལགས་རེད། ཁོང་གིས་མི་ལོ་བཞི་བཅུ་ལྷག་གི་རིང་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བའི་ཐབས་ལམ་ཁྱབ་སྤེལ་གཏོང་བར་ཕྱག་ལས་ཡུན་རིང་གནང་བའི་ཉམས་མྱོང་གཞིར་བཞག་ཐོག་ཟབ་སྦྱོང་བ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱེད་པར་མི་རེ་ངོ་རེ་ནས་ཆོད་སེམས་ཇི་ཙམ་དགོས་པ་དང་བློས་གཏོང་གང་ཙམ་དགོས་པ་སོགས་དྲན་སྐུལ་གནང་སོང་།
ཟབ་སྦྱོང་གྲུབ་པའི་རྗེས་ཀྱི་བསམ་འཆར་འགེངས་ཤོག་བརྒྱུད་འཛུལ་ཞུགས་པ་རྣམ་པས་རང་རང་ལ་གོ་རྟོགས་ལེགས་པོ་ཐོབ་ཚུལ་གསུངས་འདུག་ཅིང་རྒྱ་གར་ནང་དུ་འཚར་འོངས་བྱུང་བའི་བོད་པའི་སློབ་མ་ཞིག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་འདི་འདྲ་གོ་རྟོགས་ལེགས་པོ་ཐོབ་པས་འདོད་པ་ཚིམས་པོ་བྱུང་། མ་འོངས་པར་ཡང་དེ་རིགས་ཀྱི་གོ་སྐབས་གང་མང་དགོས་གལ་ཆེ་ཚུལ་གསུངས་བ་དང་ཟབ་སྦྱོང་འདི་བརྒྱུད་དེ་ཕོ་མོ་གཉིས་སོགས་ལུས་རྟེན་མི་འདྲ་བ་དང་སྤྱི་ཚོགས་ཀྱི་གནས་རིམ་མི་འདྲ་བ་མཐོང་བ་སོ་སོའི་དབར་དོན་དམ་དུ་ཐོབ་ཐང་འདྲ་མཉམ་ཡིན་པའི་ལྟ་ཚུལ་བྱུང་ཚུལ་སོགས་གསུངས་འདུག