བུ་མོ་མང་དགའ་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག

རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་བུ་མོ་མང་དགའ་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་བུ་མོ་མང་དགའ་ལགས།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་མདོ་སྨད་རྔ་པ་རྨེའུ་རུ་མའི་བུ་མོ་མང་དགའ་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་པར་འཕྱར་ཏེ་རྒྱ་གཞུང་གི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་སྐབས། ས་གནས་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོའི་བཀྲ་ཤིས་གཡས་འཁྱིལ་ཚང་གི་བུ་མོ་མང་དགའ་ལགས་ཀྱིས། རྨེའུ་རུ་མའི་ཡུལ་ཚོའི་ཁྲོམ་ལམ་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་ལག་གཉིས་ཀྱིས་གནམ་ལ་འཕྱར་ཏེ་གོམ་བགྲོད་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང་། དེ་མ་ཐག་ས་གནས་ཉེན་རྟོག་པ་ཚོས་ཁོང་མོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ད་ལྟའི་ཆར་གནས་སྟངས་གང་ཡང་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད།

མང་དགའི་བུ་མོ་རང་ལོ་ ༡༤ ཅན་གྱི་གངས་དགའ་ལྷ་མོ།
མང་དགའི་བུ་མོ་རང་ལོ་ ༡༤ ཅན་གྱི་གངས་དགའ་ལྷ་མོ།

ཁོང་མོ་རང་ལོ་ ༣༣ ཡིན་པ་དང་། ཕ་མིང་ལ་ཚེ་པེ་དང་མ་མིང་ལ་པདྨ་སྐྱིད་ཟེར་ཞིང་། ཕ་མ་གཅིག་པའི་མིང་སྲིང་དགུ་ཡོད་པ་ལས་བརྒྱད་པ་དེ་ཡིན་འདུག ཁོང་མོ་འཇུ་བཟུང་བཙན་འཁྲིད་བྱས་ཤུལ་དུ་ཁྱིམ་དུ་རང་ལོ་ ༡༤ ཡིན་པའི་ཁོང་མོའི་བུ་མོ་གངས་དགའ་ལྷ་མོ་གཅིག་པུ་མ་གཏོགས་ཁྱིམ་མི་གཞན་མེད་འདུག གཞན་ཡང་ཕྱི་ལོ་༢༠༠༨ ལོ་རྨེའུ་རུ་མའི་མི་ཚང་རེ་རེར་རྒྱ་དར་འཕྱར་དགོས་པའི་བཙན་བཀའ་བཏང་སྐབས། མང་དགའ་ལགས་ཀྱིས་དང་ལེན་མ་གནང་བར་མ་ཟད་འབྲེལ་ཡོད་ལས་བྱེད་དང་རྩོད་པ་ཤོར་ཡོད་སྟབས། ཟླ་བ་བརྒྱད་ལྷག་རིང་འཛིན་བཟུང་གིས་གཅར་རྡུང་དང་བརྙས་བཅོས་ཚད་ལས་བརྒལ་བ་ཕོག་མྱོང་ཡོད་འདུག གནས་ཚུལ་དེ་བྱུང་བའི་རྗེས་སུ་རྨེའུ་རུ་མའི་ཡུལ་ཚོའི་སྟེང་དམག་མི་དང་ཉེན་རྟོག་པ་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཡོད་འདུག

དེ་བཞིན། ལོ་སྔོན་མའི་ཕྱི་ ༩ ཚེས་ ༡༠ ཉིན་ནས་རྔ་པ་རྫོང་དུ་རྒྱ་གཞུང་གི་ལས་ཁང་ཁག་ཕུད་པའི་དྲ་རྒྱའི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཅིང་། དེའི་རིང་ལ་ཟ་ཁང་དང་ཚོང་གི་སྦྱིན་བདག་སོགས་མང་ཚོགས་ཚོས་དྲ་སྒོ་ཕྱེ་དགོས་པའི་རེ་ཞུ་ཐེངས་མང་བྱས་ཀྱང་ཉན་འཇོག་རྩ་བ་མེད་པར་མུ་མཐུད་མང་ཚོགས་ཀྱི་དྲ་བའི་བརྒྱུད་ལམ་ཁག་ཆ་ཚང་བཅད་ཡོད་འདུག

བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་དེ་རྔ་པ་ས་ཁུལ་ཆགས་ཡོད་ལ། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་དང་དགོན་གྲོང་ཚང་མར་བཀག་སྡོམ་དྲག་གནོན་བྱས་ཏེ་འགུལ་སྐྱོད་མི་ཐུབ་པ་བཟོས་ཡོད་ནའང་། སྔར་ལོ་ནས་བཟུང་རྔ་པ་ས་ཁུལ་གཙོས་བོད་ནང་གི་ས་ཁུལ་ཁག་མང་པོར་བོད་མི་སྒེར་རྐྱང་པ་ཁྲོམ་ལ་ཐོན་སྟེ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་དུ་རྔ་པ་རྨེའུ་རུ་མ་ས་ཁུལ་དུ་བོད་རིགས་བུད་མེད་མི་སྒེར་རྐྱང་པའི་ཞི་བའི་སྐད་འབོད་ངོ་རྒོལ་བྱེད་མཁན་མང་ཤོས་ཏེ་ཆགས་ཡོད། རྒྱ་གཞུང་གིས་བོད་ནང་ཅི་ལྟར་དྲག་གནོན་ཤུགས་ཆེ་རུ་བཏང་བ་དེ་ལྟར་དུ། བོད་ནང་རང་ལུས་མེར་བསྲེགས་དང་མི་སྒེར་རྐྱང་པའི་ཞི་བའི་སྐད་འབོད་ཀྱིས་མཚོན་པའི་རྣམ་པ་འདྲ་མིན་སྒོ་ནས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

to top