ནགས་ཚང་ནུས་བློའི་དཔེ་དེབ་གསར་པ་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པ་དབུ་འབྱེད།

ཕྱི་ལོ་ ༢༠༢༣ ལོའོ་ཟླ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཞིས་བཞུགས་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱི་ལོ་རྒྱུས་དེབ་ཕྲེང་གཉིས་པ་《ནགས་ཚང་གཞོན་ནུའི་རང་མཚང་》ཞེས་པ་དབུ་འབྱེད་མཛད་སྒོ་སྤེལ། 

དབུ་འབྱེད་མཛད་སྒོའི་ཐོག་གི་ལྟེ་གནས་ཁང་གི་བསྒྲགས་གཏམ་གཤམ་གསལ། 

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་སྙིང་སྟོབས་ཅན་གྱི་གཞིས་བཞུགས་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱི་ལོ་རྒྱུས་དེབ་ཕྲེང་གཉིས་པ་《ནགས་ཚང་གཞོན་ནུའི་རང་མཚང་》ཞེས་པ་ཞུ་དག་དང་དཔར་འགྲེམས་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་ཤིན་ཏུ་ཆེ། 

རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ནི་རང་རེའི་གཉན་འཕྲང་ཆེ་བའི་དུས་སྐབས་འདིའི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་མང་དག་ཅིག་མཐོང་ཐོས་མྱོང་གསུམ་བྱུང་མཁན་གྱི་བདེན་དཔང་མི་སྣ་གལ་ཆེན་ཞིག་ཡིན། ཁོང་གི་ལོ་རྒྱུས་དེབ་ཕྲེང་དང་པོ་《ནགས་ཚང་ཞི་ལུའི་སྐྱིད་སྡུག་》ལས་ཁོང་ཉིད་ཆུང་དུས། རྒྱའི་བཙན་འཛུལ་དང་བོད་མིའི་འགོག་རྒོལ་ཁྲོད་ཀྱི་དམག་འཁྲུག་གི་འཇིགས་པ་དང་། བཙོན་འཇུག་གི་མནར་གཅོད། མུ་གེའི་དཀའ་སྡུག་སོགས་ཀྱི་གནས་ཚུལ་ཞིབ་ཚགས་བཀོད་ཡོད། 

ད་ལན་ཁོང་གི་ལོ་རྒྱུས་དེབ་ཕྲེང་གཉིས་པ་《ནགས་ཚང་གཞོན་ནུའི་རང་མཚང་》ཞེས་པ་འདི་ནི་དེབ་ཕྲེང་སྔ་མའི་མཇུག་འཕྲོ་ལྟ་བུར་སྣང་། ཁོང་གིས་དཔེ་དེབ་འདི་ཉིད་ནི་“ནགས་ཚང་བུ་རབས་ཚ་རྒྱུད་རྣམས་ཀྱི་རང་མཚང་གསལ་བ་དང་། རང་ཚུགས་སྲུང་འཛིན་བྱ་དགོས་པའི་དྲན་སྐུལ་ཆེད་”བྲིས་གནང་ཡིན་པར་འགྲེལ་བརྗོད་གནང་འདུག 

ཤོག་གྲངས་ ༢༦༩ ཡོད་པའི་དཔེ་དེབ་འདི་ཉིད་ལེའུ་ཆེན་པོ་གསུམ་དུ་ཕྱེས་ཤིང་ནང་གསེས་ལེ་ཚན་སུམ་ཅུ་སོ་གཅིག་ཡོད་པའི་ཁར་མཇུག་ཏུ་འབྲེལ་ཡོད་ཡིག་ཆའི་ཚན་པ་ཞིག་ཀྱང་ཡོད། ལེའུ་དང་པོ་“སྡུག་གི་ཁུར་པོ་མཉམ་ཁུར་དང་། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་བྱས། ”ཞེས་པར་ནང་གསེས་ལེ་ཚན་བཅུ་ཡོད་ཅིང་དེ་དག་གི་ནང་དུ་རྩོམ་པ་པོ་ཆུང་དུས་ཆུ་དམར་ལེབ་སློབ་གྲྭར་འདུག་སྐབས་ཀྱི་སྐྱིད་སྡུག་འདྲེས་མའི་སློབ་གྲྭའི་འཚོ་བའི་སྐོར་རྒྱས་བཤད་གནང་འདུག ལེའུ་གཉིས་པ་“འཁོར་ངན་གྱིས་སྨྱོས་པའི་ལས་ངན། མི་ཟེར་བའི་རང་ཚུགས་ཤོག་འདུག་”ཅེས་པར་ཡང་ལེ་ཚན་བཅུ་འདུག་ཅིང་དེ་དག་གི་ནང་དུ་ཁོང་ཉིད་ཆུ་དམར་རྫོང་སློབ་ཆུང་དུ་དགེ་རྒན་གནང་སྐབས་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་བའི་རིག་གནས་གསར་བརྗེའི་རླུང་འཚུབ་ཁྲོད་ཀྱི་“རྒྱ་སྨྱོ་བོད་སྨྱོ་”ཡི་སྐྱོ་གར་སོགས་ཞིབ་མོར་བྲིས་གནང་འདུག

ལེའུ་གསུམ་པ་“དཔོན་པོར་བསྡད་ན་དམངས་དོན་བསྒྲུབ་དགོས། དབང་ཆ་ཡོད་དུས་རང་ཐག་ཆོད་དགོས་”ཞེས་པར་ལེ་ཚན་བཅུ་གཅིག་འདུག་ཅིང་དེ་དག་གི་ནང་དུ་རྩོམ་པ་པོས་འབའ་དགོན་ཡུལ་ཚོའི་སྤྱི་བདེ་ཉེན་རྟོག་པ་དང་། ཆུ་དམར་ལེབ་རྫོང་གི་ཁྲིམས་དཔོན་གཞོན་པ་དང་། རྫོང་དཔོན་གཞོན་པ་སོགས་ཀྱི་ལས་འགན་བཞེས་པའི་རིང་། མི་མང་གི་ཁེ་ཕན་དང་རེ་འདུན་འགྲུབ་ཆེད་དུ་འགོག་རྐྱེན་སྣ་མང་ལ་གདོང་ལེན་གནང་ཚུལ་དང་། ལས་འགན་སྒྲུབ་སྐབས་ཡིག་ཆ་དང་ཡུལ་དངོས་ལ་རྒྱུས་ལོན་བྱས་ནས་གལ་གནད་ཆེ་བའི་ལོ་རྒྱུས་ཀྱི་དངོས་དོན་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་བའི་སྐོར་སོགས་ཀྱང་བྲིས་གནང་འདུག 

མ་ཟད་དཔེ་དེབ་འདིའི་ནང་དུ་རྒྱ་བོད་གཞུང་ཞབས་མི་སྣ་མང་པོའི་བྱ་སྤྱོད་ལས་གསུམ་དང་། ལྷག་པར་དུ་རང་ཚུགས་སྲུང་འཛིན་བྱེད་མཁན་གྱི་བོད་མི་ལས་བྱེད་པ་ཞིག་ལ་མཚོན་ན། གུང་ཁྲན་ཏང་གི་འོག་ཏུ་ལས་ཀ་བྱེད་པར་གནོན་ཤུགས་དང་། འགོག་རྐྱེན་ཇི་ཙམ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་མེད་སོགས་གནད་དོན་མང་དག་ཅིག་མྱོང་བ་དངོས་ཀྱི་སྒང་ནས་གསལ་བཤད་གནང་འདུག 

ད་ལན་ཁོང་གིས་གསར་དུ་བྲིས་གནང་བའི་དཔེ་དེབ་འདི་ཉིད་འབྲེལ་ལམ་དམིགས་བསལ་བ་བརྒྱུད་དེ། འདི་ག་ལྟེ་གནས་ཁང་ལ་ཞུ་དག་དང་དཔར་འགྲེམས་བྱ་རྒྱུའི་གོ་སྐབས་ཐོབ་སོང་བར་བརྟེན། ལྟེ་གནས་ཁང་གི་ངོས་ནས་ཀྱང་རྩོམ་པ་པོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་། བླ་ན་མེད་པའི་ལྷག་བསམ་ལ་དགའ་གུས་ཡི་རངས་ཚད་མེད་ཞུ་བཞིན། ནུས་པ་གང་ཡོད་ཀྱིས་ཞུ་དག་བྱེད་ཁུལ་བྱས་པ་ཡིན། 

ཞུ་དག་སྐབས་སུ་རྩོམ་པ་པོས་ཡུལ་སྐད་གཙོར་འཛིན་གནང་བའི་ཐུན་མོང་མ་ཡིན་པའི་འབྲི་ཚུལ་དེ་ཉིད་རང་སོར་བཞག་པའི་ཐོག ཡི་གེའི་དག་ཆ་དང་མཐུན་པའི་ཡུལ་སྐད་རྣམས་དག་ཆ་གཞིར་བཟུང་བྲིས་ཡོད་ཅིང་། ཚིག་ཕྲད་ཀྱི་འགྲོ་སྟངས་སོགས་ཀྱི་སྒང་ནས། ཨ་མདོའི་ཡུལ་སྐད་ལ་རྒྱུས་མངའ་མེད་པའི་ཀློག་མཁན་ཚོར་གོ་ནོར་ཐེབས་ཉེན་ཡོད་རིགས་ཉུང་ཤས་ཤིག་ལ་དོན་གྱི་ཚིག་ཕྲད་སྦྱོར་ཚུལ་ལྟར་བཅོས་ཡོད། དེ་བཞིན་ཕྱི་ནང་གི་ཀློག་པ་པོ་ཀུན་ལ་གོ་བདེ་བའི་ཆེད་དུ་ཡུལ་སྐད་དང་། རྒྱ་སྐད་ཀྱི་ཐ་སྙད་རྣམས་ཀྱི་གོ་དོན་ཞབས་མཆན་དུ་བྲིས་ཡོད། 

དད་དམ་གཡོ་བ་མེད་པའི་སྒོ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དཔེ་དེབ་འདི་ལ་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་ཆེད་བརྗོད་བསྩལ་ཅིང་དམིགས་བསལ་མཇལ་ཁའི་སྐབས་སུ་༧མགོན་པོ་གང་ཉིད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོ་མཛད་པར་བརྟེན་འབྲེལ་ཡོད་རང་རོགས་ཐམས་ཅད་ལ་དགའ་ཚོར་དཔག་མེད་སྐྱེས་ཡོད། མཐའ་དོན་༧མགོན་པོ་གང་གི་བྱིན་མཐུ་དང་རྩོམ་པ་པོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་བླ་ན་མེད་པའི་ལྷག་བསམ་གྱི་མཐུ་ལ་བརྟེན་ནས་བསམ་དོན་ཡིད་བཞིན་དུ་འགྲུབ་ཅིང་སྐུ་ལུས་ལ་བར་ཆད་མེད་པའི་སྨོན་འདུན་ཤུགས་དྲག་འདེབས། 

to top