དྲ་ལམ་བརྒྱུད་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ཡར་སྐུལ་བྱས་པར་བརྟེན་ནས་བོད་མི་གཉིས་ལ་ཁྲིམས་ཐག་ལྕི་མོ་བཅད་འདུག

གནས་ཚུལ་གྱི་ཁུངས་སྣེ་ས་གནས་རྒྱ་གཞུང་གི་དྲ་བ།
གནས་ཚུལ་གྱི་ཁུངས་སྣེ་ས་གནས་རྒྱ་གཞུང་གི་དྲ་བ།

སྤྱིར་བོད་ཡུལ་ནི་རང་བྱུང་ཁོར་ཡུག་གཙང་ལ་རི་སྐྱེས་སྲོག་ཆགས་མང་པའི་གནས་ཞིག་ཡིན་མོད། ༡༩༥༩ ལོར་རྒྱ་གཞུང་གིས་བཙན་འཛུལ་དབང་སྒྱུར་བྱས་པ་ནས་བཟུང་། གང་བྱུང་ནགས་ཚལ་གཅོད་འབྲེག་དང་རི་དྭགས་གཅན་གཟན་སྡེབ་གསོད་བཏང་བ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་བོད་ཀྱི་རང་བྱུང་ཁོར་ཡུག་ཉམས་ཆག་དང་རི་སྐྱེས་སྲོག་ཆགས་སྟོངས་ལ་ཉེ་བའི་གནང་སྟངས་ཛ་དྲག་ཆགས་ཡོད་པ་ལྟར། གྲྭ་འཇམ་དབྱངས་རྒྱ་མཚོ་དང་རྣམ་རྒྱལ་དབང་ཕྱུག་གཉིས་ཀྱིས། རྒྱ་ནང་གི་སྤྱི་ཚོགས་གླེང་མོལ་དྲ་འཕྲིན་མ་ལག་༼སྐད་འཕྲིན༽ཞེས་པ་བརྒྱུད། བོད་མི་རེ་ཟུང་གིས་གཅན་གཟན་གྱི་པགས་རིགས་རྒྱན་གོས་སུ་གྱོན་ནས། སྤྱི་ཚོགས་ཁྲོད་རྩ་ཆེའི་རི་དྭགས་གཅན་གཟན་སྲུང་སྐྱོབ་ཐད་ཤུགས་རྐྱེན་ངན་པ་འཇོག་བཞིན་པའི་ཐད་སྐྱོན་བརྗོད་དང་། བོད་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་བྱམས་སྐྱོང་བྱེད་དགོས་པའི་སྤྱི་ཚོགས་ཡར་སྐུལ་གྱི་བརྡ་ཁྱབ་སྤེལ་བར་བརྟེན་ནས། ས་གནས་རྒྱ་གཞུང་མི་དམངས་ཞིབ་དཔྱོད་ཁང་ཟེར་བས་གཞུང་འབྲེལ་ཉེས་དོན་ཞུ་གཏུགས་བྱས་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༣ ཉིན། བོད་ལྗོངས་རི་བོ་ཆེ་རྫོང་ས་གནས་ཁྲིམས་ཁང་ཟེར་བས། ༼བསྙད་རྐོ་ཟིང་སློང་༽གི་ཉེས་མིང་འོག་བོད་མི་འཇམ་དབྱངས་རྒྱ་མཚོ་ལགས་ལ་ལོ་ ༧ དང་། རྣམ་རྒྱལ་དབང་ཕྱུག་ལགས་ལ་ལོ་ ༥ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དྲ་ལམ་ནས་འཇམ་དབྱངས་རྒྱ་མཚོའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་མཇུག་འབྲས།
དྲ་ལམ་ནས་འཇམ་དབྱངས་རྒྱ་མཚོའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་མཇུག་འབྲས།

བོད་མི་འཇམ་དབྱངས་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༧ ཉིན་སྐྱེས་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་དབང་སྒྱུར་ས་ཁོངས་ལྟར་ན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་ལྕགས་ཟམ་ཁ་ཤང་འོ་རག་གྲོང་ཚོ་ནས་ཡིན་ལ། ཁོང་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཨང་ནི་ ༥༤༢༡༢༤༡༩༨༡༡༢༠༧༠༡༡༩ ཡིན་པ་དང་། རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་པའི་བཙོན་འཇུག་དུས་བཅད་ནི་ ༢༠༡༤ ཟླ་ ༡ ཚེས་ ༢ ནས་ཟླ་ ༢༠༢༡ ཟླ་ ༡ ཚེས་ ༡ བར་ཡིན་འདུག

བོད་མི་རྣམ་རྒྱལ་དབང་ཕྱུག་ལགས་ནི། ཕྱི་ལོ་ ༡༩༧༠ ཟླ་ ༢ ཚེས་ ༤ ཉིན་སྐྱེས་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་དབང་སྒྱུར་ས་ཁོངས་ལྟར་ན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་ལྕགས་ཟམ་ཁ་ཤང་འོ་རག་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཨང་ནི་ ༥༤༢༡༢༤༡༩༧༠༠༢༠༤༠༡༡༧ ཡིན་པ་དང་། རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་པའི་བཙོན་འཇུག་དུས་བཅད་ནི་ ༢༠༡༤ ཟླ་ ༡ ཚེས་ ༢ ནས་ཟླ་ ༢༠༡༩ ཟླ་ ༡ ཚེས་ ༡ བར་ཡིན་འདུག

བོད་ལྗོངས་རི་བོ་ཆེ་རྫོང་ཞེས་པའི་གཞུང་འབྲེལ་དྲ་རྒྱའི་སྟེང་། ༢༠༡༤ ལོའི་ཕྱི་ཟླ་ ༨ ཚེས་ ༡༦ ཉིན། གོང་གསལ་བོད་མི་གཉིས་ལ་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་སྐོར་ཕྱིར་བསྒྲགས་བྱས་པའི་ནང་། བོད་མི་འཇམ་དབྱངས་རྒྱ་མཚོ་དང་རྣམ་རྒྱལ་དབང་ཕྱུག་གཉིས་ལ། ས་གནས་རྒྱ་གཞུང་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་ཕྱོགས་ནས་ཉེས་འཛུགས་ཞུ་གཏུགས་བྱས་པར་བརྟེན་ནས། རི་བོ་ཆེ་རྫོང་ཉེན་རྟོག་ཁང་གིས་ ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ནས་བཟུང་། སོ་སོའི་ནང་མིས་འགན་ལེན་འོག་ཁོ་གཉིས་རང་ཁྱིམ་དུ་བཟང་བཙོན་ངོ་བོར་འགྲོ་བསྐྱོད་བཀག་སྡོམ་བྱས་ཐོག ས་གནས་རྒྱ་གཞུང་གི་ཞུ་གཏུགས་ཞིབ་བཤེར་ལ་ངང་སྒུག་བྱེད་བཅུག་ཡོད་ཀྱང་། ༢༠༡༤ ཕྱི་ཟླ་ ༡ ཚེས་ ༢ ཉིན་དངོས་སུ་ཁོང་གཉིས་འཇུ་བཟུང་བྱས་པ་དང་། དེ་རྗེས་ཡོངས་བསྒྲགས་ཁྲིམས་བཤེར་བརྒྱུད་ཁྲིམས་ཐག་བཅད་སྐོར་བརྗོད་འདུག

དྲ་ཐོག་ནས་བོད་མི་རྣམ་རྒྱལ་དབང་ཕྱུག་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཨང་ཞིབ་བཤེར་གྱི་མཇུག་འབྲས།
དྲ་ཐོག་ནས་བོད་མི་རྣམ་རྒྱལ་དབང་ཕྱུག་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཨང་ཞིབ་བཤེར་གྱི་མཇུག་འབྲས།

ཡིན་ནའང་། ས་གནས་རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་དེའི་ནང་གསལ་བ་ལྟར་ན། ཁྲིམས་ར་ཚོགས་ཏེ་ཁྲིམས་རྩོད་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། ས་གནས་རྫོང་མི་དམངས་ཞིབ་དཔྱོད་ཁང་ཟེར་བའི་ངོས་ནས། ཞིབ་དཔྱོད་པ་བྱམས་པ་ཆོས་གྲགས་དང་ཞིབ་དཔྱོད་ལས་ཚབ་རྡོ་རྗེ་དབང་འདུས་གཉིས་གཞུང་ཕྱོགས་ཞུ་གཏུགས་པའི་ངོ་ཚབ་ཏུ་ཆེད་མངགས་ཐོག ཁྲིམས་སར་གཞུང་ཕྱོགས་ཀྱི་རྒྱབ་རྩར་ཁྲིམས་རྩོད་བྱས་པ་མ་ཟད། བོད་ལྗོངས་རི་བོ་ཆེ་རྫོང་མི་རིགས་ཆོས་ལུགས་ལས་ཁུངས་དང་། ལྗིག་སྟོད་ཤང་སྟག་རྩེ་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག ལྕགས་ཟམ་ཁ་དམར་ཤོག་ལྷན་ཚོགས་དང་སྲིད་གཞུང་བཅས་མཉམ་རུབ་ཐོག བོད་མི་འཇམ་དབྱངས་རྒྱ་མཚོ་དང་རྣམ་རྒྱལ་དབང་ཕྱུག་གཉིས་ལ་ནག་ཉེས་བཙུགས་ཡོད་པ་ཙམ་ལས། བོད་དེ་གཉིས་ལ་སོ་སོས་ཁྲིམས་རྩོད་པ་བཙལ་ཏེ་རང་ཉིད་དག་འབུལ་གྱིས་མཚོན་པའི་ཁྲིམས་མཐུན་ཐོབ་ཐང་རིགས་སྤྲད་ཡོད་མེད་གསལ་ཁ་གང་ཡང་མི་འདུག དེ་བཞིན། བོད་མི་དེ་གཉིས་ཀྱི་ངོས་ནས་གཞུང་ཕྱོགས་ཀྱི་ཞུ་གཏུགས་བཙོན་འཇུག་བཅད་ཁྲ་དེ་ཚད་ལས་བརྒལ་ཡོད་པས། བཙོན་འཇུག་དུས་བཅད་ཆགས་ཡང་གཏོང་རྒྱུའི་དགོས་འདུན་བཏོན་ཡོད་ནའང་། ཁྲིམས་ཁང་གིས་ཁོང་གཉིས་ཀྱི་དགོས་འདུན་རྩིས་མེད་ཐོག གཞུང་ཕྱོགས་ཞུ་གཏུགས་པའི་བཅད་ཁྲ་གཞིར་བཟུང་ཁྲིམས་ཐག་ལྕི་མོ་བཅད་ཡོད་པ་རེད།

རྒྱ་གཞུང་གིས་ཁོང་གཉིས་ལ་ནག་ཉེས་འགལ་ཐབས་ཀྱི་སྒྲུབ་བྱེད་གཙོ་བོར། འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་ནང་། གཟིག་ལྤགས་གྱོན་པའི་པར་རིས་ཤིག་གི་སྟེང་ “ མི་ངན་འདིའི་མིང་ལ་དབང་ཚེ་དང་། གཞན་པ་མི་ངན་འདིའི་མིང་ལ་བུ་ཟེར་གྱི་ཡོད་རེད།” “ང་ནི་ཞབས་འདྲེན་ཡིན།” དང་། པར་གཞན་ཞིག་སྟེང་ “བོད་ཡུལ་དུ་སྐྱེས་པའི་བོད་མི་ཚོ། རང་ཉིད་མི་རིགས་ཀྱི་སྲོལ་རྒྱུན་སྲུང་སྐྱོབ་མ་བྱས་ན། དུས་རབས་རྗེས་མར་སླེབས་ཚེ་མི་རིགས་གཞན་པར་འགྱུར་སྲིད་པའི་བློ་འཚབ་ཡོད།” ཅེས་བྲིས་ཏེ་༼མང་ནི་མཉམ་འཛོམས༽ཞེས་པའི་སྐད་འཕྲིན་ཚོགས་པའི་ནང་བཏང་ཡོད་ཚུལ་དང་། བོད་མི་རྣམ་རྒྱལ་དབང་ཕྱུག་གིས་གཟིག་ལྤགས་གྱོན་མཁན་དབང་ཚེ་དང་བུ་ཀྱི་པར་རིས་སྟེང་། “རང་བྱུང་ཁོར་ཡུག་བཟང་པོ་ཤིང་ནགས་ལ་བརྟེན་དགོས། ཤིང་ནགས་ལ་རི་སྐྱེས་སྲོག་ཆགས་ཀྱི་མཛེས་རྒྱན་དགོས་སྟབས། བྱམས་བརྩེའི་སེམས་ཀྱིས་ཁོང་ཚོར་བདག་སྐྱོང་བྱ་དགོས། པགས་རིགས་ཀྱི་ཆེད་དུ་ཁོ་ཚོ་དམར་གསོད་མ་གཏོང་རོགས།” ཞེས་བྲིས་ཏེ། ༼ནང་མི་མཉམ་འཛོམས༽ཞེས་པའི་སྐད་འཕྲིན་ཚོགས་པའི་ནང་བཏང་ཡོད་སྐོར་ལུང་འདྲེན་ཐོག གོང་གསལ་བྱ་སྤྱོད་དེ་རིགས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྣང་མེད་དང་སྤྱི་ཚོགས་ལ་གཏོར་སྐྱོན་བཟོས་པ་ཞིག་ཡིན་པར་བརྗོད་ནས། ཁོང་གཉིས་ལ་༼བསྙད་རྐོ་ཟིང་སློང་༽ཉེས་མིང་བཀལ་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་གཞུང་གིས་ནག་ཉེས་སུ་བགྲང་བའི་གོང་གསལ་གནས་ཚུལ་འདི་དག་ནི། དོན་དངོས་ཐོག་བསྙད་རྐོ་ཟིང་སློང་གི་གནས་ཚུལ་ཡང་དག་ཅིག་མ་ཡིན་པར། དེ་ལས་ལྡོག་སྟེ་རང་བྱུང་ཁོར་ཡུག་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་ལ་བྱམས་སྐྱོང་། རང་ཉིད་ཀྱི་རྒྱན་གོས་ཙམ་གྱི་ཆེད་རྩ་ཆེན་རི་དྭགས་དང་གཅན་གཟན་དམར་གསོད་མི་བྱེད་པར་ཆེད་དུ་དམིགས་ཏེ། མང་ཚོགས་ཁྲོད་ཡར་སྐུལ་སློབ་གསོ་བཏང་བའི་གནས་ཚུལ་ཞིག་ཆགས་ཡོད། དེ་བཞིན། རྒྱ་གཞུང་གི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དོན་ཚན་ ༥༣ པའི་ནང་། ༼སྤྱི་དམངས་དང་ཁྲིམས་ལུགས་མི་སྣ། དེ་བཞིན། གཞན་པའི་ཚོགས་སྡེ་ཁག་བཅས་ཀྱིས་ཁྲིམས་ལྟར་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་དང་མཉམ་ཞུགས། ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་རྟོགས་ཀྱི་ཁེ་དབང་ཡོད། ༽ཅེས་དང་། རྒྱ་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དོན་ཚན་ ༥ བའི་ནང་། ༼རྒྱ་ནག་གི་སྤྱི་དམངས་ལ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ཀྱི་འོས་འགན་ཡོད། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཧམ་འཕྲོག་དང་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་རིགས་ཞུ་གཏུགས་དང་ཁྲིམས་གཏུགས་ཀྱི་དབང་ཆ་ཡོད།༽ཅེས་བཀོད་དེ། མི་དམངས་སྤྱི་ཡོངས་ནས་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དགོས་པ་གསལ་བོར་བརྗོད་ཡོད། དེར་བརྟེན། རྒྱ་གཞུང་གིས་བོད་མི་དེ་གཉིས་ལ་མ་ཉེས་ཁག་གཡོགས་ཀྱི་སྒོ་ནས། ༼བསྙད་རྐོ་ཟིང་སློང་༽གི་ནག་ཉེས་བཙན་འགེལ་གྱིས་ཁྲིམས་ཐག་ལྕི་མོ་བཅད་ཡོད་པ་དེ་ནི། རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་ཁག་གི་གཏན་འབེབས་རྩིས་མེད་དང་། ཁྲིམས་ནང་བཀོད་པའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།

གོང་གསལ་གནས་ཚུལ་དང་འབྲེལ་བའི་རྒྱ་གཞུང་གི་དྲ་ཐག
http://xzlwq.gov.cn/lwq/Article/ShowArticle.asp?ArticleID=382

to top