དམུ་ཁྱིམ་གྲོང་གི་གྲོང་ཚོའི་འགོ་ཁྲིད་གཉིས་ལ་མི་ལོ་ ༡༠ རེར་ཁྲིམས་ཐག་བཅད་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ལོ་༢༠༡༤ ཟླ་༡ ཚེས་༡༤ ལ་བོད་ཤར་ཕྱོགས་འབྲི་རུ་རྫོང་དམུ་ཁྱིམ་གྲོང་གི་གྲོང་ཚོའི་འགོ་ཁྲིད་ངང་གྲགས་ལགས་དང་རིག་གསལ་གཉིས་ལ་ལོ་ངོ་བཅུ་རེར་ཁྲིམས་ཐག་བཅད་ཀྱང་ད་ལྟའི་ཆར་བཙོན་ཁང་གང་དུ་བཅུག་ཡོད་མེད་དང་། ཁོང་གཉིས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཤེས་རྟོགས་མ་ཐུབ་པར་ལུས་ཡོད།

མི་ལོ་བཅུའི་ཁྲིམས་ཆད་ཕོགས་པའི་རིག་གསལ་ལགས།
མི་ལོ་བཅུའི་ཁྲིམས་ཆད་ཕོགས་པའི་རིག་གསལ་ལགས།

དེ་ཡང་ངང་གྲགས་དང་རིག་གསལ་གཉིས་ཕྱི་ལོ་༢༠༡༣ ལོའི་ཟླ་ ༡༡ ཚེས་༢༤ ཉིན་འཇུ་བཟུང་བྱས་ཡོད་ཅིང་། ཁོང་གཉིས་འཇུ་བཟུང་བྱེད་དགོད་དོན་གཙོ་བོ་ནི། རྒྱ་གཞུང་གིས་འབྲི་རུ་རྫོང་གི་ཁྱིམ་ཚང་སོ་སོའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་བསྒྲེང་འཛུགས་དགོས་པའི་བཀའ་ཁྱབ་བཏང་བར་མ་ཉན་པ་དང་། འབྲི་རུ་མི་མང་ ༡༠༠༠ ལྷག་ཙམ་འབྲི་རུ་རྫོང་དུ་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐབས་དམུ་ཁྱིམ་གྲོང་གི་གྲོང་མི་ཡང་མང་པོ་འཛོམས་ཡོད་པ། དེ་བཞིན་རྒྱ་གཞུང་གིས་འབྲོང་སྣ་དགོན་པ་སྒོ་རྒྱག་པར་དམུ་ཁྱིམ་གྲོང་གི་མི་མང་ནས་ངོ་རྒོལ་བྱས་པ་དང་། དེ་སྔོན་ངང་གྲགས་ཚང་ལ་མི་གྲངས་བཅུ་བདུན་ལྷག་ཙམ་གྱིས་གསང་བའི་ཐོག་ཆབ་སྲིད་ཀྱི་ཚོགས་འདུ་འཚོགས་པ་སོགས་ཀྱི་བརྒྱུད་སྐུལ་བྱས་པ་དང་གྲོང་ཚོའི་འགོ་འཁྲིད་ཀྱི་འགན་འཁྲི་ཡག་པོ་མ་ཁྱེར་བའི་ཉེས་མིང་འོག་འཇུ་བཟུང་བྱས་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༤ ཉིན་ཁོང་གཉིས་ལ་ལོ་བཅུ་རེར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

མི་ལོ་༡༣ཁྲིམས་ཆད་ཕོགས་པའི་ཁྲི་རྒྱལ་ལགས།
མི་ལོ་༡༣ཁྲིམས་ཆད་ཕོགས་པའི་ཁྲི་རྒྱལ་ལགས།

ངང་གྲགས་ལགས། ཕྱི་ལོ་ ༡༩༦༠ ལོར་སྐྱེས་པ་དང་། ཕྱི་ལོ་ ༡༩༨༠ ཙམ་ལ་དམུ་ཁྱིམ་གྲོང་གི་གྲོང་ཚོའི་འགོ་ཁྲིད་ཀྱི་ཕྱག་འགན་བཞེས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་ཁྱིམ་ལ་བཟའ་ཟླ་དང་ཕྲུ་གུ་ཁ་ཤས་ཤིག་ལུས་ཡོད་འདུག

རིག་གསལ་ལགས། ཕྱི་ལོ་༡༩༨༣ ལོར་སྐྱེས་པ་དང་། ཕྱི་ལོ་༢༠༠༧ ཙམ་ལ་དམུ་ཁྱིམ་གྲོང་གི་གྲོང་ཚོའི་འགོ་ཁྲིད་ཀྱི་ཕྱག་འགན་བཞེས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་ནང་ལ་བཟའ་ཟླ་དང་ཕྲུ་གུ་གསུམ་ལུས་ཡོད་འདུག

དེ་བཞིན་དམུ་ཁྱིམ་གྲོང་ཚོ་ནས་ཡིན་པའི་གྲོང་མི་ཁྲི་རྒྱལ་ཞུ་བ་ཞིག་འཇུ་བཟུང་གིས་མི་ལོ་༡༣ ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཞིག་ཐོན་ཡོད་ཀྱང་། ད་ལྟ་ཆར་ཁོང་གི་གནས་སྟངས་དང་བཙོན་ཁང་ག་པར་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་མ་ཐུབ་པར་ལུས་ཡོད།
ཁྲི་རྒྱལ་ལགས་ཀྱི་ཁྱིམ་དུ་ད་ལྟ་ཁོང་གི་བཟའ་ཟླ་དང་ཕྲུ་གུ་ལྔ་ལུས་ཡོད་འདུག

འབྲི་རུ་དམུ་ཁྱིམ་གྲོང་ཚོ།
འབྲི་རུ་དམུ་ཁྱིམ་གྲོང་ཚོ།

ཕྱི་ལོ་༢༠༡༣ ཟླ་༩ ནས་བཟུང་རྒྱ་གཞུང་གིས་འབྲི་རུ་ཁུལ་གྱི་ཁྱིམ་ཚང་སོ་སོའི་ཁང་ཐོག་ཏུ་རྒྱའི་རྒྱལ་དར་བསྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བ་ནས་བཟུང་། འབྲི་རུའི་ཞིང་འབྲོག་མང་ཚོགས་དང་། དགེ་འདུན་པ་། ཤེས་ཡོན་ཅན། སློབ་ཕྲུག་སོགས་ཀྱིས་དཔའ་ངར་ཞུམ་མེད་དང་སྙིང་སྟོབས་ཆེན་པོས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་ལ་ངོ་རྒོལ་ཤུགས་ཆེ་བྱས་པར་རྒྱ་གཞུང་གིས་འབྲི་རུ་ཁུལ་ལ་ཆབ་སྲིད་བརྟན་ལྷིང་མེད་པའི་ས་གནས་ཤིག་ལ་ངོས་འཛིན་བྱས་ཏེ། མི་མང་ལ་མནར་གཅོད། གང་བྱུང་འཇུ་བཟུང་དང་། ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཆད་ལྗིད་པོ་བཏང་བ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པར་དམ་དྲག་ཤུགས་ཆེ་བྱས་རྐྱེན་ཕྱི་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་དཀའ་ཁག་ཞེ་དྲག་ཆགས་ཡོད་པ་རེད།

to top