དབྱིན་གཞུང་གིས་ཞི་བའི་ངོ་རྒོལ་མཁན་ལ་སྡིགས་ར་དང་འཇུ་བཟུང་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

འབུམ་རམས་ཞའོ་ཅཱང་གིས་རྒྱབ་ཏུ་བོད་ཀྱི་རྒྱལ་དར་གྱོན་ཞིང་ལག་ཏུ་ངོ་རྒོལ་བསྒྲགས་ཡིག་འཕྱར་ཏེ་ཞིས་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་པ།
འབུམ་རམས་ཞའོ་ཅཱང་གིས་རྒྱབ་ཏུ་བོད་ཀྱི་རྒྱལ་དར་གྱོན་ཞིང་ལག་ཏུ་ངོ་རྒོལ་བསྒྲགས་ཡིག་འཕྱར་ཏེ་ཞིས་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་དབྱིན་ཇི་རྒྱལ་ས་ལོན་ཊོན་དུ། དབྱིན་ཡུལ་ཉེན་རྟོག་པས་འབུམ་རམས་པ་ཞའོ་ཅཱང་འཇུ་བཟུང་ཐོག ཁོང་ལ་༼ སྡིགས་ར་སྐུལ་བའི་བྱ་སྤྱོད་༽ སྤེལ་བར་སྙོན་འཛུགས་བྱས་ཡོད་པ་རེད། དེར་མ་ཟད། ཁོང་གི་ཁྱིམ་ནང་འཛུལ་ནས་གློག་ཀླད་གཉིས་དང་ཨ་ཕའེ་ཌི། ཐེབ་སྡེར་སོགས་བཙན་འཁྱེར་བྱས་ཡོད་འདུག དབྱིན་གཞུང་གི་བྱ་སྤྱོད་དེས་སྔོན་ཆད་རྒྱ་ནག་ནང་འབུམ་རམས་པ་ཞའོ་ཅཱང་གིས་དམངས་གཙོའི་ལས་དོན་ཆེད་དཀའ་སྡུག་མྱངས་པ་རྣམས་བསྐྱར་དུ་དྲན་གསོ་ཐེབས་ཡོད་པ་མ་ཟད། ད་ལྟའི་ཆར་དབྱིན་གཞུང་ནི་རང་དབང་དམངས་གཙོའི་ལམ་ལུགས་དང་རྒྱང་ཐག་རིང་དུ་འགྲོ་བཞིན་པ་བསྟན་ཡོད།

ཐེངས་འདིར་འབུམ་རམས་པ་ཞའོ་ཅཱང་ལགས་རྒྱ་གཞུང་སྲིད་འཛིན་ཞིན་ཅིན་ཕིན་གྱི་མོ་ཊའི་མདུན་དུ་ཐོན་དེ་རྒྱ་ནག་ལ་དམངས་གཙོ་དགོས་པའི་བསྒྲགས་ཡིག་འཕྱར་ཡོད་པ་རེད། ཞའོ་ཅཱང་གིས་འདས་པའི་ལོ་མང་རིང་རྒྱ་ནག་ནང་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སོགས་སུ་མཉམ་ཞུགས་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་པེ་ཅིན་དུ་དྲུག་བཞིའི་དམར་གསོད་དོན་རྐྱེན་མ་བྱུང་བའི་ཉིན་གཅིག་གི་སྔོན་སྟེ། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༣ ཉིན་གྱི་མཚན་མོར་པེ་ཅིན་ཐེན་ཨན་མན་ནུབ་ཕྱོགས་གཞུང་ལམ་དུ་སློབ་ཕྲུག་དམར་གསོད་གཏོང་བཞིན་པའི་གནས་ཚུལ་མཐོང་རྗེས། ཁོང་གིས་ཐེན་ཨན་མཱན་ཐང་ཆེན་དུ་ཞི་བའི་འདུ་འཛོམས་ངོ་རྒོལ་གནང་མཁན་སློབ་ཕྲུག་མགོ་བ་ཚོར་གནས་ཚུལ་དེའི་སྐོར་བརྡ་ལན་བསྐྱལ་ཡོད་པ་མ་ཟད། རྒྱ་གཞུང་དམག་མིས་འཁྲབ་ལྡན་སྒྱོགས་འཁོར་མ་སླེབས་བར་དུ། བློ་སྟོབས་འགྱུར་མེད་ཀྱི་སྒོ་ནས་སློབ་ཕྲུག་རྣམས་དང་ལྷན་དུ་དེ་གར་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད།

རྗེས་སུ་ཕྱི་ལོ་ ༡༩༨༩ ནས་ ༡༩༩༡ བར་ལོ་གཅིག་དང་ཕྱེད་ཀའི་རིང་ཁོང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད། སྐབས་དེར་ཉིན་རྟག་པར་ཆུ་ཚོད་ ༡༦ རིང་འདྲི་གཅོད་སྡུག་སྦྱོང་བཏང་ཡོད་པ་རེད། ༡༩༩༧ ལོར་ཁོང་དབྱིན་ཡུལ་ནང་བཙན་བྱོལ་ལ་འབྱོར་རྗེས། དེ་གར་སློབ་གཉེར་གྱིས་མཐར་འབུམ་རམས་པ་སློབ་ཐོན་གནང་ཡོད་པ་རེད། ཞའོ་ཅཱང་ལགས་ཀྱིས་ཐེངས་འདིར་ལོན་ཊོན་དུ་ཞིས་ཅིན་ཕིན་གྱི་རླངས་འཁོར་མདུན་དུ་ཐོན་ཏེ་ཞི་བའི་སྐད་འབོད་གནང་པ་དེ་ཡིས། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་ཐེན་ཨན་མཱན་གཞུང་ལམ་སྟེང་རྒྱ་དམག་གི་འཁྲབ་ལྡན་སྒྱོགས་འཁོར་མདུན་དུ་མི་ཞིག་ཐོན་ཏེ་ཞི་བའི་ངོ་རྒོལ་གནང་བའི་གནས་ཚུལ་དེ་བསྐྱར་དུ་དྲན་གསོ་བྱས་ཡོད།   ཞའོ་ཅཱང་ལགས་ནི་ཉམས་ཞིབ་པ་དང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ཁོང་གིས་རྒྱ་ནག་ནང་རང་དབང་མེད་པའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་མགྲིན་ཚབ་པའི་ངོ་བོའི་ཐོག་ནས་ལས་དོན་དང་རྩོམ་ཡིག་སྤེལ་བཞིན་ཡོད།

ཞའོ་ཅཱང་ལགས་དབྱིན་གཞུང་ཉེན་རྟོག་པས་འཇུ་བཟུང་དང་བཀག་ཉར། ཁོའི་ཁྱིམ་ཚང་ནང་བསྔོག་བཤེར། ཁོང་གི་གློག་ཆས་བཙན་འཁྱེར། དེ་བཞིན། ཁོང་ལ་ཁྲིམས་འགལ་སྙོན་འཛུགས་བྱས་པ་སོགས་དབྱིན་གཞུང་གི་བྱ་སྤྱོད་འདི་རིགས་ཀྱིས། ལོ་བརྒྱ་ཕྲག་མང་པོའི་རིང་དབྱིན་ཡུལ་ནང་སྲུང་འཛིན་གནང་ཡོད་པའི་དམངས་གཙོའི་རྩ་དོན་དག་རྒྱ་གཞུང་གི་ཚོང་ལས་ཁེ་ཕན་ཙམ་གྱི་ཆེད་བློས་གཏོང་བྱས་པ་ཞིག་ཆགས་ཡོད། ༡༧༩༩ ལོར་རྒྱ་ནག་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཐོག་དང་པོའི་ངོས་ནས། གལ་སྲིད་ཚོང་ལས་ལ་དོ་ཕོག་ཕྱིན་མིན་ལ་མ་ལྟོས་པར་རྒྱ་ནག་གོང་མའི་མདུན་དུ་གུས་ཕྱག་འབུལ་རྒྱུ་མིན་ཞེས་ལབ་ཡོད་ལ། དེ་བཞིན། ༡༨༡༧ ལོར་ཐེངས་གཉིས་པའི་དབྱིན་ཇུའི་གཞུང་ཚབ་པས་ཀྱང་རྒྱ་ནག་གོང་མའི་མདུན་དུ་གུས་ཕྱག་འབུལ་རྒྱུ་མིན་ཞེས་བརྗོད་དེ་སྤྲེལ་ལད་གུས་ཕྱག་ཕུལ་ཡོད་པ་མ་རེད།

ཡིན་ནའང་། དེ་རིང་ཞི་ཅིན་ཕིན་དབྱིན་ཡུལ་ནང་སླེབས་སྐབས། དེ་སྔའི་དབྱིན་ཇིས་རྒྱ་ནག་གོང་མར་གུས་ཕྱག་དང་སྤྲེལ་ལད་མི་བྱེད་པའི་ལམ་སྲོལ་དེ། ད་ལྟའི་དབྱིན་ཇིའི་སྲིད་བློན་གྱིས་ཚོང་ལས་ཁེ་བཟང་ཙམ་གྱི་ཆེད་ཡོད་ཚད་རྩ་གཏོར་བཟོས་ཡོད། དེ་བཞིན། ཐེངས་འདིར་དབྱིན་ཇིས་སྲིད་བློན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་མེད་པ་དེ་ནི། དབྱིན་ཡུལ་གྱི་སྲིད་བློན་རིམ་པའི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་ལ། ཞིས་ཅིན་ཕིན་ནི་དབྱིན་ཡུལ་གྲོས་ཚོགས་གོང་མ་དང་འོག་མ་གཉིས་ནང་དམངས་གཙོ་དང་རང་དབང་མེད་པའི་སྒེར་སྤྱོད་སྲིད་གཞུང་མགོ་ཁྲིད་ཀྱིས་གཏམ་བཤད་སྤེལ་མཁན་ཐོག་དེའང་ཆགས་ཡོད། ད་ལྟའི་ཆར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་གཞུང་འབྲེལ་མ་ཡིན་པའི་མི་སྣའི་གཙོས། རྒྱ་རིགས་མང་ཚོགས་ཐོག་རྒྱ་གཞུང་དམག་གིས་བཙན་གནོན་མནར་གཅོད་གཏོང་བཞིན་ཡོད་པ་རེད།

བོད་རིགས་བུད་མེད་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་ཞི་ཅིན་ཕིན་ལ་ཞི་བའི་སྐད་འབོད་ངོ་རྒོལ་བྱེད་སྐབས་དབྱིན་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱེད་བཞིན་པ།
བོད་རིགས་བུད་མེད་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་ཞི་ཅིན་ཕིན་ལ་ཞི་བའི་སྐད་འབོད་ངོ་རྒོལ་བྱེད་སྐབས་དབྱིན་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱེད་བཞིན་པ།

འབུམ་རམས་པ་ཞའོ་ཅཱང་དང་བོད་རིགས་བུད་མེད་བསོད་ནམས་ཆོས་སྒྲོན་དང་འཇམ་དཔལ་ལྷ་མོ་བཅས། དབྱིན་ཡུལ་ཉེན་རྟོག་པས་འཇུ་བཟུང་དང་བཀག་ཉར། དེ་བཞིན། ཁོང་ཚོའི་ཁང་པར་བསྔོག་བཤེར་སོགས་བྱས་ཏེ། ཁོང་ཚོར་༼སྡིགས་ར་སྐུལ་བའི་བྱ་སྤྱོད༽སྤེལ་བར་ཉེས་འགེལ་སྙོན་འཛུགས་བྱས་པ་དེ་ནི། ནམ་རྒྱུན་གྱི་ཉེན་རྟོག་པའི་ཁྲིམས་མཐུན་དབང་ཆ་ལས་ཆེས་ཆེར་བརྒལ་པ་མཚོན་གྱི་ཡོད། དངོས་ཡོད་གནས་སྟངས་ནི་འབུམ་རམས་པ་ཞའོ་ཅཱང་དང་བོད་རིགས་བུད་མེད་གཉིས་བཅས་ནས་ཞི་བའི་སྒོ་ནས་སྐད་འབོད་ངོ་རྒོལ་བྱས་པ་ཞིག་ཆགས་ཡོད།

བོད་རིགས་བུད་མེད་དེ་གཉིས་ཀྱི་ཁྲིམས་རྩོད་པས་ཀྱང་། ཞི་བའི་སྐད་འབོད་བྱེད་མཁན་ཞིག་ལ་སྡིགས་ར་སྐུལ་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེས་འགེལ་སྙོན་འཛུགས་བྱས་པ་དེ་ནི། དབྱིན་ཡུལ་དུ་འདས་པའི་ལོ་ངོ་ ༤༠ ནང་བྱུང་བའི་གནས་ཚུལ་ཐེངས་དང་པོ་ཆགས་ཡོད་པར་བརྗོད་ཡོད། ཞའོ་ཅཱང་དང་བོད་རིགས་བུད་མེད་དེ་གཉིས་ལ་ནག་ཉེས་སྙོན་འཛུགས་ཀྱི་གཞི་འཛིན་སའི་ཁྲིམས་དེ་ནི། ཕྱི་ལོ་ ༡༩༨༦ ལོར་གཏན་འབེབས་བྱས་པའི་སྤྱི་ཚོགས་ལ་བཀག་རྒྱ་ཞེས་པ་དེ་རྡོག་རོལ་བཏང་བའི་ཉེས་འཛུགས་བྱས་ཡོད་པ་དང་། ཁྲིམས་ཡིག་དེར་སྐྱེས་བོ་སུ་ཞིག་ལའང་སྡིགས་ར་དང་དམའ་འབེབས་ཀྱི་ཚིག་སྤེལ་མི་ཆོག་པ་བཀོད་ཡོད་པ་རེད། ཞའོ་ཅཱང་ལགས་བཀག་ཉར་ལས་གློད་གྲོལ་བཏང་བའི་ཡིག་ཆའི་ནང་རྒྱ་གཞུང་སྲིད་འཛིན་ཞིས་ཅིན་ཕིན་ནི་དོ་ཕོག་བྱུང་ཡུལ་ཞིག་ལ་ངོས་འཛིན་བྱས་འདུག དབྱིན་གཞུང་ཉེན་རྟོག་པའི་ཡིག་ཆ་དེའི་ནང་ཞི་བའི་སྐད་འབོད་བྱེད་མཁན་རྣམས་ནི་གཞན་ལ་སྡིགས་ར་སྐུལ་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་དུ་བརྗོད་པ་དེ་ཡིས། དབྱིན་ཡུལ་གྱི་དམངས་གཙོའི་ལམ་ལུགས་དང་གཤིས་ཀ་དེ་ཉམས་ཆག་ཏུ་འགྲོ་བཞིན་པ་གསལ་བོར་བསྟན་ཡོད།

གལ་སྲིད་ཞའོ་ཅཱང་དང་བོད་རིགས་བུད་མེད་གཉིས་བཅས་ནས་རྒྱ་གཞུང་སྲིད་འཛིན་ཞིས་ཅིན་ཕིན་གྱི་མདུན་དུ་ཞི་བའི་སྐད་འབོད་བྱས་ཏེ་དམངས་གཙོའི་དགོས་འདུན་གྱི་བསྒྲགས་ཡིག་འཕྱར་བ་ཙམ་ལ་བརྟེན་ནས།   ཉེན་སྲུང་བ་དང་ཉེན་རྟོག་པ་མང་པོས་སྲུང་སྐྱོབ་འོག་ཡོད་པའི་རྒྱ་གཞུང་སྲིད་འཛིན་ཞིས་ཅིན་ཕིན་ལ་སྡིགས་ར་དང་གནོད་འཚེ་ཕོག་པའི་བྱ་སྤྱོད་ཅིག་ཆགས་ཐབས་མེད། ཞའོ་ཅཱང་གིས་རྒྱ་ནག་གི་དམངས་གཙོའི་དོན་དུ་སྐད་འབོད་གནང་པ་དེ་ནི། ཞིས་ཅིན་ཕིན་ལ་དོ་ཕོག་དང་སྡིགས་ར་སྐུལ་པར་ངོས་འཛིན་གྱིས་ནག་ཉེས་བཀལ་བ་དེ་ནི། དོན་དངོས་ཐོག་ཞའོ་ཅཱང་མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱས་པ་ཞིག་ཆགས་ཡོད། ཆབ་སྲིད་ཀྱི་སྨྲ་བརྗོད་རང་དབང་ཐད་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཆིངས་ཀྱི་དོན་ཚན་བཅུ་པ་དང་། ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་གཉིས་ཀྱི་ཐོག་ནས་སྲུང་སྐྱོབ་ངོས་འཛིན་བྱས་ཡོད་པ་རེད།

སྤྱིར་བཏང་ཞའོ་ཅཱང་དང་བོད་རིགས་བུད་མེད་གཉིས་བཅས་ལ་ནག་ཉེས་བྱ་སྤྱོད་སྤེལ་བའི་སྙོན་འཛུགས་བྱས་པ་དེ་ནི། དངོས་སུ་ཁྲིམས་ཐག་གཅོད་སྲིད་པ་ཞིག་ཆགས་ཀྱི་མེད་ནའང་། ཁོང་ཚོ་མི་སྒེར་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་རེད། ཁོང་ཚོ་འཇུ་བཟུང་བཀག་ཉར་སྐབས་ཉེན་རྟོག་པས་ཁོང་ཚོའི་ཁྱིམ་དུ་བསྔོག་བཤེར་བྱས་ཡོད་པ་རེད། དེར་གཞིགས་ན་ཕལ་ཆེར་དབྱིན་གཞུང་གིས་ཉེན་རྟོག་པར་བསྔོག་བཤེར་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་པ་འདྲ།

ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་སྤྱི་ཆིངས་ནང་མི་ཚང་མར་སོ་སོ་སྒེར་གྱི་རང་དབང་ཐོབ་ཐང་ཡོད་པ་གསལ་ཡོད། གལ་སྲིད་དྲང་བདེན་མིན་པའི་ཐོག་ནས་མི་སྒེར་ལ་ཐེ་ཇུས་བསྔོག་བཤེར་བྱས་པ་ཡིན་ན། དེ་ནི་མི་སྒེར་གྱི་རང་དབང་ལ་དོ་ཕོག་བཏང་བར་ངོས་འཛིན་བྱེད་ཀྱིན་ཡོད། ཐེངས་འདིའི་ཞའོ་ཅཱང་གི་གནས་ཚུལ་ཐད་བཤད་ན་བསྔོག་བཤེར་རིམ་པ་གཉིས་བྱས་ཡོད་པ་རེད། དང་པོ་ནི་ཁོ་རང་གི་ཁྱིམ་ནང་བསྔོག་བཤེར་གྱིས་གློག་ཆས་རྣམས་བཙན་འཁྱེར་བྱས་པ་དང་།   གཉིས་པ་ནི་ཁོ་རང་གི་གློག་ཆས་རྣམས་ལ་ད་ལྟའི་ཆར་མུ་མཐུད་དུ་ཉེན་རྟོག་པས་བསྔོག་བཤེར་བྱེད་བཞིན་ཡོད། ཉེན་རྟོག་པས་བསྔོག་བཤེར་རིམ་པ་དེ་གཉིས་ཀྱིས་ཞའོ་ཅཱང་གི་བཟའ་ཟླའི་མི་སྒེར་གྱི་རང་དབང་ཡང་རྡོག་རོལ་བཏང་ཡོད་པ་རེད། རྒྱུ་མཚན་ནི་ཁང་ཁྱིམ་དེ་ནི་ཁོ་མོའི་ཁང་ཁྱིམ་ཡང་ཆགས་ཡོད་སྟབས། ཁོ་མོའི་གློག་ཆས་ཀྱང་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་སྲིད་པ་རེད། དེ་བཞིན། བཙན་འཁྱེར་བྱས་པའི་གློག་ཆས་དག་གི་ནང་སོ་སོ་མི་སྒེར་གྱི་གནས་ཚུལ་དང་པར་རིས་སོགས་ཀྱང་ཡོད་ངེས་པ་རེད།

མ་གཞི་ཉེན་རྟོག་པའི་བསྔོག་བཤེར་གྱི་ཚད་གཞི་དེ་ནི་སྙོན་འཛུགས་བྱས་པའི་ནག་ཉེས་ཀྱི་ཚད་དང་མཐུན་པ་ཞིག་དགོས་པ་རེད། ཡིན་ནའང་། ཞའོ་ཅཱང་ལགས་མི་སྒེར་གྱི་ཐེབ་སྡེར་ཡན་ཆད་ཚུད་པའི་གློག་ཆས་ཡོངས་རྫོགས་བཙན་འཁྱེར་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ད་དུང་ཁོང་ལ་ཕྱིར་རྩིས་སྤྲོད་བྱས་ཡོད་པ་མ་རེད། དེར་བརྟེན། གློག་ཆས་དག་གི་ནང་ཡོད་པའི་ཁོ་མི་སྒེར་གྱི་གནས་ཚུལ་ཆ་ཚང་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་པ་དེས། ཞའོ་ཅཱང་ལགས་ཀྱི་མི་སྒེར་གྱི་རང་དབང་དང་ཐོབ་ཐང་ཆ་ཚང་རྡོག་རོལ་བཏང་ཡོད་པ་གསལ་བོ་རེད།

ཉེན་རྟོག་པའི་ངོས་ནས་ཞའོ་ཅཱང་དང་བོད་རིགས་བུད་མེད་གཉིས་བཅས་ལ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་འཆར་གྱི་གང་བྱུང་སྙོན་འཛུགས་བྱས་པ་དེར་རང་བཞིན་གྱིས་དོགས་སློང་བྱ་དགོས་པ་ཞིག་ཆགས་ཡོད། ཉེན་རྟོག་པའི་ངོས་ནས་ཁོང་ཚོ་འཇུ་བཟུང་དང་བཀག་ཉར། ཁོང་ཚོའི་ཁང་པར་བསྔོག་བཤེར་དང་གློག་ཆས་བཙན་འཁྱེར་སོགས་ཀྱི་བྱ་སྤྱོད་དེ་ནི། ཁྲིམས་ཀྱི་ས་མཚམས་ལས་བརྒལ་ཏེ་མི་སྒེར་ལ་འཇིགས་སྣང་སྐུལ་བའི་བྱ་སྤྱོད་ཅིག་ཆགས་ཡོད། དེ་བཞིན། ཞའོ་ཅཱང་གི་བཟའ་ཟླར་ཞེད་སྣང་སྐུལ་བ་དེ་ཡིས། དེ་སྔོན་ཁོ་མོ་རང་དབང་མེད་པའི་རྒྱ་ནག་ཏུ་སྡོད་སྐབས་འཇིགས་སྣང་འཕྲད་པའི་གནས་ཚུལ་རྣམས། རང་དབང་དམངས་གཙོ་ཅན་གྱི་དབྱིན་ཡུལ་ལུང་པའི་ནང་བསྐྱར་དུ་དྲན་གསོ་བྱ་དགོས་པ་ཆགས་ཡོད། ཁོང་མོའི་ངོས་ནས་རང་ཉིད་ཀྱི་བཟའ་ཟླ་ཞའོ་ཅཱང་འཇུ་བཟུང་བཀག་ཉར་དང་ཁྱིམ་ཚང་ལ་བསྔོག་བཤེར་བྱས་པ་མཐོང་དུས། བསྐྱར་དུ་རང་དབང་མེད་པའི་རྒྱ་ནག་ནང་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་ཡོད། ཡིན་ནའང་། ཞའོ་ཅཱང་དང་ཁོའི་བཟའ་ཟླ་གཉིས་ཀྱི་ངོས་ནས་དབྱིན་ཇིའི་ཉེན་རྟོག་པས་གཞི་མེད་སྙོན་འཛུགས་བྱས་པ་དང་། ཁོ་གཉིས་ཀྱི་མི་སྒེར་རང་དབང་ལ་དོ་ཕོག་བཏང་བ་དེར། དཔའ་ཞུམ་པའི་སྒོ་ནས་ནག་ཉེས་སུ་ངོས་ལེན་བྱ་མི་སྲིད་པར་གདོང་ལེན་བྱ་ངེས་ཡིན་ལ། དེ་བཞིན། ཐེངས་འདིའི་དབྱིན་ཇིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་ཀྱིས་རྒྱ་གཞུང་ལ་གུས་ཕྱག་ཕུལ་པ་ནང་བཞིན། ཁོ་གཉིས་ཀྱིས་རྒྱ་གཞུང་གི་སྒེར་གཅོད་མགོ་ཁྲིད་པར་དུས་ནམ་ཡང་གུས་ཕྱག་འབུལ་མི་སྲིད་དོ། །

to top