དགེ་འདུན་པ་གསུམ་དང་མི་སྐྱ་གཉིས་འཇུ་བཟུང་བྱས་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ། ཟི་ཁྲོན་ཞིང་ཆེན་དཀར་མཛེས་སེར་ཤུལ་རྫོང་ཐོག་ནས་གྲྭ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱིས་རང་དབང་དང་དམངས་གཙོ་དགོས་པ་སོགས་ཀྱི་སྐད་འབོད་བྱས་ཤིང་། འཕྲེད་དར་ཐོག་ཡི་གེ་དང་༸གོང་ས་མཆོག་གི་སྐུ་པར་ཕྱར་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་ལ།  རྒྱ་གཞུང་ཉེན་རྟོག་པས་ཁོང་གསུམ་འཇུ་བཟུང་བྱ་རྩིས་བྱས་སྐབས། མི་སྐྱ་བློ་བཟང་སྐལ་བཟང་དང་ངག་དབང་རྒྱ་མཚོ་གཉིས་ཀྱིས་བཀག་འགོག་བྱས་རྐྱེན།  རྒྱ་གཞུང་ཉེན་རྟོག་པས་མི་ལྔ་པོ་མཉམ་དུ་འཇུ་བཟུང་བཙན་ཁྲིད་བྱས་འདུག

གྲྭ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱི་པར།
གྲྭ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱི་པར།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་༨ ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༡ : ༥༠ ཙམ་ལ། དགེ་འདུན་པ་བློ་བཟང་བསམ་གཏན་དང་བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱིས།  བོད་མདོ་ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་སྐབས།  རས་གཞི་དཀར་པོའི་འཕྲེད་དར་ཞིག་གི་སྟེང་འབོད་ཚིག་བྲིས་ཡོད་ཀྱང་། ཡི་གེ་ག་རེ་བྲིས་ཡོད་མེད་གསལ་རྟོགས་བྱུང་མི་འདུག ཡིན་ནའང་། འཕྲེད་དར་གྱི་དཀྱིལ་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་ཡོད་འདུག

དགེ་འདུན་པ་གསུམ་གྱིས་སྲང་ལམ་དུ་དུས་ཡུན་གང་འཚམ་རིང་སྐད་འབོད་བྱས་ཡོད་ཀྱང་། རྗེས་སུ་རྒྱ་གཞུང་ཉེན་རྟོག་པ་སླེབས་ཏེ་དགེ་འདུན་པ་གསུམ་འཇུ་བཟུང་བྱ་རྩིས་བྱས་སྐབས། མི་སྐྱ་བློ་བཟང་སྐལ་བཟང་དང་ངག་དབང་རྒྱ་མཚོ་གཉིས་ཀྱིས་དགེ་འདུན་པ་གསུམ་འཇུ་བཟུང་བྱེད་ན་མི་འགྲིག་པའི་སྐད་འབོད་དང་འབྲེལ་བཀག་འགོག་བྱས་ཡོད་སྟབས།  རྒྱ་གཞུང་ཉེན་རྟོག་པས་དགེ་འདུན་པ་གསུམ་དང་མི་སྐྱ་གཉིས་བཅས་ཁོང་ཚོ་ལྔ་མཉམ་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག གནས་ཚུལ་ཡོངས་ཁུངས་ཀྱིས་ཤེས་གསལ་ལྟར་ན།  དགེ་འདུན་པ་གསུམ་གྱིས་སྐད་འབོད་སྐབས་རང་དབང་དང་དམངས་གཙོ་དགོས་པའི་འབོད་ཚིག་སོགས་བསྒྲགས་ཡོད་འདུག

སྐད་འབོད་གནང་མཁན་དགེ་འདུན་པ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་ནི་རྫ་ཆུ་ཁའི་མང་དགེ་དགོན་པའི་གྲྭ་པ་ཡིན་པ་དང་། མི་སྐྱ་བློ་བཟང་སྐལ་བཟང་ནི་རྫ་ཆུ་ཁའི་འབུམ་རྙིང་སྡེ་བའི་ཕ་འཇམ་དབྱངས་ཚེ་རིང་དང་མ་འཇམ་དབྱངས་སྒྲོལ་མ་གཉིས་ཀྱི་བུ་ཡིན་ལ།   ད་ལྟ་ཁོང་རང་ལོ་ ༡༧ ཙམ་ཡིན་འདུག མི་སྐྱ་ངག་དབང་རྒྱ་མཚོ་ནི་རྫ་ཆུ་ཁའི་འབུམ་གསར་སྡེ་བའི་ཕ་བསོད་སྐྱབས་དང་མ་ཚེ་དབང་ལྷ་མོ་(ཚེ་འདས) གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༤༡ ཡིན་འདུག མི་སྐྱ་དེ་གཉིས་སྔོན་ཆད་གྲྭ་པ་བྱས་མྱོང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་མགོ་ལོག་ལུང་དཀར་དགོན་པའི་དགེ་འདུན་པ་དང་། རྫ་ཆུ་ཁའི་དབོན་པོ་དགོན་པ་དང་། མང་དགེ་དགོན་པ། ཀ་བཞི་དགོན་པ་བཅས་ནས་ཡིན་པའི་ལྷ་སའི་སེ་ར་དགོན་པའི་དགེ་འདུན་པ་བཅུ་བཞི་ཡིས་ལྷ་སའི་བར་སྐོར་གླིང་དུ་སྐད་འབོད་ཁྲོམ་སྐོར་གནང་བ་ནས་བཟུང་། རྫ་ཆུ་ཁ་བ་ཁུལ་དུ་ས་གནས་མི་མང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་རིམ་པར་བྱུང་ཡོད་ལ། སེར་ཤུལ་རྫོང་གི་ཁྱབ་ཁོངས་སུ་འཕྲིན་ཕྲན་སོགས་ཕྱི་ཕྱོགས་སུ་འབྲེལ་ལམ་བྱེད་བདེ་བའི་བརྡ་འཕྲིན་བརྒྱུད་ལམ་ཁག་སྔ་ས་ནས་བཀག་ཡོད་པ་དང་། ད་ལྟའི་ཆར་རྫོང་ཡོངས་ལ་དམག་མི་འགྲེམས་འཇོག་གིས་དམ་དྲགས་བཀག་སྡོམ་བྱས་ཡོད་འདུག

to top