དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་འཇུ་བཟུང་བཙན་འཁྲིད་བྱས་འདུག

པ་སངས་དབང་ཕྱུག་ལགས་ཀྱིས་འབོད་ཚིག་འཕྲེད་ཀར་འཕྱར་ཏེ་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་པར་རིས།
པ་སངས་དབང་ཕྱུག་ལགས་ཀྱིས་འབོད་ཚིག་འཕྲེད་ཀར་འཕྱར་ཏེ་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་པར་རིས།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར། བོད་མདོ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་ཐོག་ཏུ། བོད་མི་ཚོང་པ་པ་སངས་དབང་ཕྱུག་གིས་ཁྲོམ་གཞུང་གི་མི་ཚོགས་འདུ་འཛོམས་སར། ལག་ཏུ་འཕྲེད་དར་འཕྱར་ཏེ་ཞི་བའི་སྐད་འབོད་ངོ་རྒོལ་བྱས་སྟབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༤ རེས་གཟའ་སྤེན་པའི་ཉིན། བོད་ནང་ཞོགས་པའི་ཆུ་ཚོད་ ༡༠ དང་སྐར་མ་ ༥༠ ཡས་མས་སུ། རྒྱ་གཞུང་གི་བོད་ས་བཅད་བགོས་ཀྱི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཐོག་ཏུ། བོད་མི་པ་སངས་དབང་ཕྱུག་ལགས་ཀྱིས་ཁྲོམ་གཞུང་གི་མི་མང་འདུ་འཛོམས་ཆེ་སར། ལག་པའི་ནང་འབོད་ཚིག་བྲིས་པའི་འཕྲེད་དར་དཀར་པོ་ཆེན་པོ་ཞིག་འཕྱར་ཏེ།
ལམ་འགྲམ་གཡས་གཡོན་གྱི་མི་ཚོགས་ལ་བལྟ་རུ་འཇུག་ཞོར། སྐད་ཤུགས་ཆེན་པོས་ “བོད་ལ་རང་དབང་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཆོས་དད་རང་མོས་དགོས། ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས།” སོགས་བསྒྲགས་ཏེ་དུས་ཡུན་སྐར་མ་ ༡༠ ཙམ་རིང་ཁྲོམ་གཞུང་དུ་ཡར་མར་སོང་སྟེ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་མཐར། རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་ཡོང་སྟེ་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག ད་ལྟའི་ཆར་ཁོང་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཀག་ཉར་བྱས་ཡོད་ཀྱང་། ཁོང་གི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

པ་སངས་དབང་ཕྱུག་ལགས་ཀྱིས་ལག་ཏུ་བསྒྲེངས་པའི་འཕྲེད་དར་སྟེང་དུ། ༡༽བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༢༽བོད་ལ་རང་དབང་དགོས། ༣༽ཆོས་ལུགས་དད་པ་རང་མོས་སྤྲོད་དགོས། ༤༽༸རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་པའི་འབོད་ཚིག་བྲིས་ཡོད་འདུག

པ་སངས་དབང་ཕྱུག་ལགས་ནི་ད་ལྟ་རང་ལོ་ ༣༧ ཡིན་པ་དང་། མིང་གཞན་ལ་སྔོ་འབྲུ་ཟེར། ཁོང་ནི་དཀར་མཛེས་ས་གནས་ཀྱི་ཚོང་པ་ཆེ་ཤོས་གྲས་ཤིག་ཡིན་པ་རེད། ཁོང་གི་སྐྱེས་ཡུལ་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གསེར་ཆུ་ཤང་འབུ་ཆུ་དབྱར་ཁབ་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཆོས་དབང་རྒྱ་མཚོ་དང་མའི་མིང་ལ་རིན་དགའ་ཟེར། བཟའ་ཟླ་མིང་ལ་བསོད་ནམས་དང་། ཁོང་ལ་ཕྲུ་གུ་བུ་མོ་གཉིས་དང་བུ་གཅིག་བཅས་གསུམ་ཡོད་འདུག

རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཟིན་པའི་བོད་མི་ཞི་རྒོལ་བ་པ་སངས་དབང་ཕྱུག་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཟིན་པའི་བོད་མི་ཞི་རྒོལ་བ་པ་སངས་དབང་ཕྱུག་ལགས།

དེ་བཞིན། པ་སངས་དབང་ཕྱུག་ལགས་ནི་ཚུལ་ལྡན་གྱི་ས་གནས་ཚོང་པ་ཡིན་སྟབས། ནམ་རྒྱུན་ཡུལ་མི་སྐྱོ་པོ་ཚོ་ལ་རོགས་རམ་གང་ཐུབ་བྱེད་ཀྱིན་ཡོད་འདུག ཁོ་རང་ཉིད་ལ་རྒྱུ་འབྱོར་འཚོ་བའི་ཐད་དཀའ་ངལ་གང་ཡང་མེད་མོད། བོད་མི་སྤྱི་མཚུངས་ལྟར་སོ་སོའི་མི་རིགས་ལ་རང་དབང་མེད་པའི་སེམས་ཀྱི་སྡུག་བསྔལ་གནོན་དཀའ་བ་ཞིག་ཡོད་པ་ལྟར། ནམ་རྒྱུན་མི་རིགས་ཀྱི་བདེན་དོན་ཆེད་སེམས་གཏིང་ནས་དྲང་གཏམ་བཤད་མཁན་ཞིག་ཡིན་འདུག

གཞན་ཡང་། པ་སངས་དབང་ཕྱུག་ལགས་ཀྱི་ཕ་མ་གཅིག་པའི་སྤུན་མཆེད་བཙུན་མ་སྤོས་དབང་ཟེར་བ་ཞིག་ཀྱང་། ཕྱི་ལོ་ ༢༠༠༨ ལོར་བོད་བསྟན་སྲིད་མི་རིགས་ཆེད་དུ་ཞི་བའི་ངོ་རྒོལ་ནང་ཞུགས་པར་བརྟེན། དེ་སྔོན་རྒྱ་གཞུང་གིས་ཁོ་མོར་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་དེ་དུས་བཀག་བཙོན་འཇུག་བྱས་ཡོད་པ་དང་། དེ་རྗེས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་ཀྱང་། བཙོན་འཇུག་སྐབས་ཉེས་རྡུང་མནར་གཅོད་དྲག་པོ་བཏང་བར་བརྟེན་ནས། ད་ལྟའི་ཆར་གཟུགས་པོ་སྐྱོན་ཅན་དུ་གྱུར་ཡོད་འདུག

to top