ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། རྔ་བ་རྫོང་དུ་རང་ལོ་ ཡིན་པའི་བོད་མི་བློ་བཟང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་དང་། ཕྱི་ཚེས་ ༥ ཉིན་རྩེ་ཁོག་རྫོང་དུ་རང་ལོ་ ཡིན་པའི་བོད་མི་འཕགས་མོ་བསམ་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཅས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད། གཞན་ཡང་། སྔར་ལོའི་ཕྱི་ཟླ་ ༤ ནང་མཛོད་དགེ་རྫོང་གིས་༼རང་སྲེག་རྒོལ་བའི་ལས་དོན་གྱི་གནས་སྐབས་ཆོད་དོན་ཐད་ཀྱི་བརྡ་ཁྱབ༽ཞེས་པ་ཞིག་བཀྲམས་ཏེ། རང་ལུས་མེར་སྲེག་བྱུང་ཡུལ་ས་གནས་དགོན་གྲོང་གཉིས་ཀྱི་བོད་རིགས་སེར་སྐྱ་མང་ཚོགས་ཀྱི་འཚོ་གནས་ཁེ་དབང་ཡོད་ཚད་བཙན་འཕྲོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་༢༠༡༤ ཟླ་ ༢ ཚེས་༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ། རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་རང་ལོ་ ༢༥ ཡིན་པའི་མི་སྐྱ་བློ་བཟང་རྡོ་རྗེ་ལགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན། རྔ་པ་རྫོང་མཁར་དུ་རང་ལུས་མེར་སྲེག་གནང་ཡོད་འདུག
ཁོང་གིས་རང་ལུས་མེར་སྲེག་གྱི་གནས་ཚུལ་དེ་བྱུང་མ་ཐག རྒྱ་གཞུང་གིས་སྔ་ས་ནས་རྔ་བ་རྫོང་མཁར་དུ་གྲ་སྒྲིག་འགྲེམས་འཇོག་བྱས་ནས་ཡོད་པའི་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་མང་པོ་འབྱོར་ནས། ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་རྗེས། རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་གི་ནང་དུ་བཅུག་སྟེ། ལུས་སྟེང་ལ་རས་ནག་པོ་ཞིག་བཀབ་ནས་བཙན་ཁྲིད་བྱས་སྐབས། ཁོང་གིས་མགོ་ཡར་བཀྱགས་ནས་ལག་གཉིས་ཐར་མོ་སྦྱར་ཡོད་ཀྱང་། དེ་མ་ཐག་ཉེན་རྟོག་པས་མར་མནན་ནས་བཙན་ཁྱེར་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གང་དུ་ཁྲིད་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་ཅི་ཡང་ཤེས་རྟོགས་མི་ཐུབ་གནས་སྟངས་ཆགས་ཡོད་འདུག
རང་སྲེག་ཞི་རྒོལ་གནང་མཁན་བློ་བཟང་རྡོ་རྗེ་ལགས་ནི། རྒྱ་གཞུང་གིས་བོད་ས་བཙན་བཟུང་བཅད་བགོས་ཀྱི་སྲིད་འཛིན་ས་ཁོངས་ལྟར་བྱས་ན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་། གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་དཔག་དང་མའི་མིང་ལ་ན་མེ་སྐྱིད་ཟེར།
ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་གྲས་ནས་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག
བློ་བཟང་རྡོ་རྗེ་ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་། རྗེས་སུ་སྐྱ་སར་བབ་རྗེས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ། མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་འཁྲུད་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཟླ་ཤས་གོང་ནས་ཕྱུགས་ལས་གོང་མར་ཡོང་ནས་ཕ་ཚེ་དཔག་དང་མཉམ་དུ་བསྡད་ཅིང་། དེ་རྗེས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་འདུག ཁ་སང་བོད་ཚེས་བཅུ་བཞིའི་ཉིན་རྔ་བ་ཀིརྟི་དགོན་པའི་འཆམ་ལ་ཁེལ་ཡོད་སྟབས། སྔ་དྲོ་ཁོང་འཆམ་ལ་མཇལ་དུ་ཡོང་ཡོད་འདུག ཕྱི་དྲོ་ཁོང་གིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནས་ཚུལ་དེ་བྱུང་རྗེས། རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་སུ། དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་མང་པོས་དམ་དྲག་ནན་མོ་བྱས་ཡོད་འདུག
བོད་མི་བློ་བཟང་རྡོ་རྗེ་ལགས་ནི་ཕྱི་ལོ་ ༢༠༡༤ ལོར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེ་ཆགས་ཡོད་པ་རེད། འདི་ལོ་རང་ལུས་མེར་བསྲེགས་གནང་མཁན་དང་པ་དེ་ནི། བོད་མདོ་སྨད་རྨ་ལྷོ་རང་སྐྱོང་ཁུལ་རྩེ་ཁོག་རྫོང་། རྡོ་དཀར་མོ་ཞང་མགོན་ཤུལ་སྒར་བའི་རང་ལོ་ ༢༧ ཅན་གྱི་འཕགས་མོ་བསམ་འགྲུབ་ལགས་ཡིན་ལ། ཁོང་གིས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༥ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀ་ཡས་མས་སུ། རྡོ་དཀར་མོ་ཞང་གི་ཉེ་འཁྲིས་བན་ཆེན་ཉིན་སློབ་གྲྭ་གཉིས་པའི་འདབས་སུ་རང་ལུས་མེར་བསྲེགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད། ཁོང་གིས་རང་ལུས་མེར་བསྲེགས་བཏང་མ་ཐག་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་ལ། ད་ལྟའི་ཆར་ཁོང་ཡང་གང་དུ་ཡོད་མེད་དང་འཆི་གསོན་གནས་ཚུལ་སོགས་རྟོགས་མི་ཐུབ་པར་གྱུར་ཡོད།
འཕགས་མོ་བསམ་འགྲུབ་ལགས་ནི་སྔགས་པ་ཞིག་ཡིན་འདུག་ལ། ཁོང་གི་ཨ་མའི་མིང་ལ་འབྲུག་མོ་ཟེར། ཁོང་དང་བཟའ་ཟླ་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་བྱིས་པ་གཉིས་ཡོད་འདུག རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ཁག་ཚང་མར་དམ་དྲག་སྟངས་འཛིན་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་ཐོག མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག
རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཐོག་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ནས། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་བོད་ནང་ཞི་བའི་ངོ་རྒོལ་ལས་འགུལ་རྒྱུན་མ་ཆད་པར་བྱུང་ཡོད་མོད། རྒྱ་གཞུང་གིས་བོད་མིའི་དངོས་ཡོད་གནས་སྟངས་ལ་གཞིགས་སྟེ་སྲིད་ཇུས་ལེགས་བཅོས་དང་། བོད་མིའི་འདོད་འདུན་ལ་གུས་བརྩི་མ་བྱས་པར་སྔར་ལས་ལྷག་པར་དྲག་གནོན་བཀག་སྡོམ་གྱི་སྲིད་ཇུས་རབ་དང་རིམ་པར་སྤེལ་ཏེ། བོད་མི་རྣམས་ཀྱི་མི་སྒེར་གྱི་འཚོ་གནས་ཚུན་ཆད་འཆི་གསོན་གྱི་དཀའ་ངལ་དྲག་པོ་འཕྲད་པར་བརྟེན་ནས། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་སྟེ་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་རིམ་པར་བྱུང་ཡོད་ལ། ད་ལྟའི་བར་བོད་མི་རྒན་གཞོན་སེར་སྐྱ་ཕོ་མོ་ ༡༢༦ གིས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལེགས་བཅོས་བྱེད་རྒྱུ་ཕར་ཞོག ཁྲིམས་མཐུན་མ་ཡིན་པའི་དམ་དྲག་བཙུན་གནོན་གྱི་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ། བོད་ནང་དགོན་གྲོང་གཉིས་དང་སེར་སྐྱ་མང་ཚོགས་ལ་ཡ་ང་བའི་དྲག་ནོན་ཤུགས་ཆེན་བྱེད་བཞིན་ཡོད།
དེའི་དཔེ་མཚོན་གསལ་ཤོས་ཤིག་ནི། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༨ ཉིན། རྔ་བ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གིས། ༼རང་སྲེག་རྒོལ་བའི་ལས་དོན་གྱི་གནས་སྐབས་ཆོད་དོན་ཐད་ཀྱི་བརྡ་ཁྱབ༽ཟེར་བའི་དོན་ཚན་བཅུ་དྲུག་ཅན་གྱི་ཡིག་ཆ་ཞིག་འགྲེམས་བསྒྲགས་ཐོག རང་བསྲེགས་གནང་མཁན་གྱི་ཕ་མ་སྤུན་མཆེད་གཙོས། དགོན་པ་དང་སྡེ་བའི་སྐྱ་སེར་མང་ཚོགས་ཡོངས་ལ་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་དྲག་གནོན་བཤུ་བཤོག་བྱེད་མགོ་བརྩམས་ཡོད་པ་དང་། ཡིག་ཆ་དེའི་རང་སྲེག་གནང་མཁན་གྱི་འབྲེལ་ཡོད་ནང་མི་རྣམས། གཞུང་ཞབས་དང་ལས་དོན་མི་སྣ། བཟོ་བ་སོགས་ཀྱི་ལས་གནས་སུ་འཛུལ་ཞུགས་བཀག་སྡོམ་དང་། ལས་གནས་དེ་རིགས་གཞན་བཞིན་པའི་ནང་མི་སྤུན་མཆེད་རིགས་ལས་གནས་ཕྱིར་འབུད། ཡར་མར་འགྲུལ་བཞུད་ཀྱི་ཐོབ་ཐང་དང་ཚོང་ལས་གཉེར་བའི་ཁེ་དབང་། སོ་སོའི་ཁང་ཁྱིམ་དང་རྩྭ་ས། ཞིང་ས་བཅས་བེད་སྤྱོད་ཀྱི་ཁེ་དབང་བཅས་མེད་པ་བཟོས་ཏེ། འགྲོ་བ་མི་སྤྱི་ལ་འདྲ་མཉམ་དུ་ཡོད་དགོས་པའི་འཚོ་གནས་ཁེ་དབང་མཐའ་དག་བཙན་འཕྲོག་བྱས་ཡོད་པ་མ་ཟད། མི་རིགས་དྲག་འཛིན་དང་ཡུལ་སྡེ་དགྲ་འཛིན་གྱི་དབྱེ་འབྱེད་ཀྱི་ཐོག་ནས། རང་ལུས་མེར་སྲེག་བྱུང་ཡུལ་དགོན་པ་དང་སྡེ་བ་རྣམས་ལ་༼བློ་གཏད་མེད་པའི་༽དགོན་གྲོང་གི་ནག་ཉེས་ཞྭ་མོི་སྐོན་ཏེ། དཔལ་འབྱོར་མཁོ་སྒྲུབ་དང་རིག་གནས་འཛིན་སྐྱོང་གི་ཐོབ་ཐང་ཙམ་ཡང་མེད་པ་བཟོ་བ་དང་། དགོན་པ་དང་གྲྭ་བཙུན་མང་ཚོགས་ཀྱི་ཆོས་ལུགས་བྱེད་སྒོ་མཐའ་དག་བཀག་སྡོམ་ཐོག རང་སྲེག་བཀག་འགོག་ཁག་ལེན་ཆེད་དགོན་གྲོང་དག་གི་ལག་ནས་རྒྱ་སྒོར་ཁྲི་ ༥༠ ཙམ་གཏའ་མར་ལེན་གྱི་ཡོད་ལ། དེ་བཞིན་དགོན་གྲོང་གཉིས་སུ་ཆབ་སྲིད་དྲིལ་སྒྲོག་སློབ་གསོའི་འཛིན་གྲྭ་བཙུགས་ཏེ་བཀག་གཅུན་སློབ་གསོ་སྤེལ་དགོས་སྐོར་སོགས་བཀོད་ཡོད་པ་རེད།
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་དེའི་སྐོར་མཐོང་ཐོས་ཡོད་མཁན་མི་སྣ་ཞིག་གིས་བརྗོད་པ་ལྟར། ས་གནས་རྒྱ་གཞུང་གིས་བརྡ་ཁྱབ་དེ་ཐོག་དང་པོར་ཏོག་ཙམ་གསང་བའི་རྣམ་པའི་ཐོག་ནས་བཀྲམས་ཀྱི་ཡོད་ཀྱང་། བར་སྐབས་ཤིག་ནས་མངོན་གསལ་དོད་པོའི་ཐོག་འགྲེམས་བསྒྲགས་བྱས་ཏེ། ས་གནས་སྲིད་གཞུང་དང་ཉེན་རྟོག་ཁང་གཙོས་པའི་ལས་ཁུངས་དག་གི་སྒོ་ཁ་དང་། ཚོང་ཁང་། ཟ་ཁང་། སྲང་ལམ་གཡས་གཡོན་གྱི་གྱང་ངོས། སྡེ་བ་སོ་སོའི་ནང་བཅས་སུ་སྦྱར་འགྲེམས་ཡོད་པ་རེད། ཡིག་ཆ་དེ་བཀྲམས་རྗེས་ཏེ་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༠ ཉིན་མཛོད་དགེ་རྫོང་ཁོངས་སུ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསགས་བཏང་ཡོད་པ་ལྟར། རྒྱ་གཞུང་གིས་ཁོང་གི་ནང་མི་རྣམས་འཇུ་བཟུང་བྱས་པ་མ་ཟད། ཁོང་གི་གྲོགས་པོ་གྲྭ་བ་གསུམ་བཞི་ཞིག་ཀྱང་འཇུ་བཟུང་ཐོག ད་ལྟའི་བར་དུ་བཀག་ཉར་འོག་ཡོད་པ་རེད། དེ་བཞིན། མཛོད་དགེ་ནས་ཡིིན་པའི་རང་ལུས་མེར་བསྲེགས་གནང་མཁན་དཀོན་མཆོག་དབང་མོ་ལགས་ཀྱི་ཁྱོ་ག་སྒྲོལ་མ་སྐྱབས་ལ་ཉེས་མེད་ཉེས་འཛུགས་ཀྱིས་སྲོག་ཁྲིམས་བཅད་ཡོད་པ་རེད།