སྔར་ལོར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ནག་ཆུ་ས་ཁུལ་དུ་དམར་ཤོག་ལམ་ཕྱོགས་སློབ་གསོ་ཞེས་པའི་དམ་དྲག་སྲིད་ཇུས་སྤེལ་ཏེ། དགོན་པ་གྲྭ་ཚང་དང་བོད་མིའི་མི་ཚང་རེའི་ཁང་ཐོག་ཏུ་རྒྱ་གཞུང་གི་དར་དམར་འཛུགས་དགོས་པའི་བཙན་གནོན་བྱས་པར་བརྟེན་ནས། འབྲི་རུ་རྫོང་དང་སོག་རྫོང་གཙོས་པའི་རྫོང་ཁག་དག་ནང་རྒྱ་གཞུང་གི་སྲིད་ཇུས་དེར་ཞི་བའི་ངོ་རྒོལ་བྱེད་མཁན་སེར་སྐྱ་མང་ཚོགས་མང་པོ་འཇུ་བཟུང་བཙན་འཁྲིད་བྱེད་དང་བྱེད་མུས་ཡོད་པ་ལྟར། ཉེ་ཆར་ཡང་སོག་རྫོང་གི་ཁོངས་སུ་བོད་མི་སེར་སྐྱ་སྐོར་ཅིག་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༣ ཚེས་ ༦ ཉིན་ཁམས་སོག་རྫོང་། ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་དང་། ཐུབ་བསྟན་དཔལ་ལྡན། རྡོ་བ་གྲོང་ཚོའི་ནོར་འབུག་ཚང་གི་བུ་ནོར་བུ་དོན་གྲུབ། རྟ་མགྲིན་ཚང་གི་བུ་སྨོན་ལམ་རྒྱ་མཚོ། དགེ་ལི་ཚང་གི་བུ་ཚེ་རིང་ཐར་པ་བཅས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
ཁོང་ཚོའི་ཁྲོད་ནས་དྲིལ་མདའ་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་ལགས་ནི། ༢༠༡༢ ལོའི་ཕྱི་ཟླ་ ༥ ནང་། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གཅིག་གི་དུས་བཀག་ཁྲིམས་ཐག་བཅད་དེ། ལྷ་སའི་སྟོད་ལུང་བཙོན་ཁང་དུ་ལོ་གཅིག་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ཀྱང། ད་ལྟ་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་རེད།
ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་ལག་ཁྱེར་ཁ་པར་བརྒྱུད་བོད་དོན་དང་འབྲེལ་བ་ཡོད་པའི་པར་རིས་དང་འཕྲིན་ཐུང་གཏོང་རེས་བྱས་པའི་རྐྱེན་གྱིས་ཡིན་པ་དང་། ད་ལྟའི་ཆར་ཁོང་ཚོ་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ནང་མི་ཚོས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
༢༠༡༤ ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན། སོག་རྫོང་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་གསུམ་པའི་ན་གཞོན་ ༦ རྒྱ་གཞུང་གིས་ བཀག་ཉར་བྱས་ཡོད་པའི་ནང་ནས། སྲིད་གསུམ་རྡོ་རྗེ་དང་ལྷག་པ། འཇམ་དབྱངས་རྒྱ་མཚོ། རྡོ་རྗེ་བཅས་བཞི་ཕྱིར་གློད་གྲོལ་བཏང་ཡོད་ཀྱང་། ཉིན་ལྟར་ཁྲི་རྡོ་ཡུལ་ཚོའི་སྲིད་གཞུང་ནང་ཡོང་ནས་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག གཞན་ཁོང་ཚོའི་ཁྲོད་ཀྱི་ནོར་འཕེལ་ཚང་གི་བུ་ཨ་བཟང་། འུག་གུ་མའི་བུ་མར་སྒོང་གཉིས་ད་ལྟའི་ཆར་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་སྟངས་ནང་མི་དང་ གྲོང་མི་དག་གི་བརྩད་གཅོད་མ་ཐུབ་པར་ལྷག་ཡོད་འདུག
༢༠༡༤ ལོའི་ཟླ་ ༢ ཚེས་ ༤ ཉིན་རྒྱ་གཞུང་གིས་སོག་རྫོང་རྡོ་བ་གཤར་ཚ་དགོན་པའི་དགེ་འདུན་པ་ ༤ འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ཚོ་གང་དུ་བཙོན་འཇུག་བྱས་མིན་ཤེས་རྟོགས་གང་ཡང་མི་འདུག
གཞན་ཡང་། སོག་རྫོང་ཁྲི་རྡོ་ཡུལ་ཚོའི་ལྕགས་ཟམ་ཟམ་ཁ་རུ་རྡོ་ཕ་བོང་ཆེན་པོའི་ཐོག་ལྕགས་རྩི་དམར་པོས་བོད་རང་བཙན་ཡིན་ཞེས་པའི་ཡིག་འབྲུ་ཆེན་པོ་བྲིས་ཡོད་འདུག་ལ། ཟླ་ ༣ ཚེས་ ༡༠ ཉིན་རྒྱ་གཞུང་གི་དམག་མི་རླངས་འཁོར་ ༢༠ ཙམ་དང་ཉེན་རྟོག་པ་གྲངས་ ༨༠ ལྷག་སླེབས་ནས་ཡར་མར་འགྲོ་མཁན་ཚང་མར་ཞིབ་བཤེར་བྱེད་བཞིན་པ་མ་ཟད། ཕན་ཚུན་འགྲོ་འོང་བཀག་བསྡོམས་བྱས་ཏེ་ས་གནས་མང་ཚོགས་ལ་སུན་གཙེར་དང་དྲག་གནོན་ཚད་ལས་བརྒལ་བ་ བྱེད་བཞིན་ཡོད་པ་མ་ཟད།
ཕྱི་ཟླ་༣ ཚེས་༡༣ ཉིན་ཁམས་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་རང་ལོ་༡༩ ཡིན་པ་བློ་བཟང་དར་རྒྱས་དང་། གྲྭ་རང་ལོ་༡༨ ཡིན་པ་ལུང་རྟོགས་རྒྱལ་མཚན་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་འཇུ་བཟུང་བྱ་དགོས་དོན་ནི། དེང་སྐབས་ཆོ་འཕྲུལ་ཟླ་བ་ཡིན་པར་བརྟེན། དྲིལ་མདའ་དགོན་པའི་ནང་བཀའ་འགྱུར་དག་སྒྲོག་གནང་མཁན་དག་གི་གསོལ་ཆས་ཉོ་ཆ་རྒྱག་ཆེད། ཁོང་གཉིས་སོག་རྫོང་ཅུང་པ་ཡུལ་ཚོ་ལ་ཕྱིན་ནས་ཕྱིར་ཡོང་དུས་འཕྱི་པོ་ཆགས་རྐྱེན། ལྕགས་ཟམ་ཟམ་ཁ་རུ་“ལྕགས་རྩི་དམར་པོས་བོད་རང་བཙན་ཡིན་”ཞེས་པའི་ཡི་གེ་འབྲི་མཁན་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་སོག་རྫོང་དུ་ཁྲིད་རྗེས་གང་དུ་བཙོན་འཇུག་བཀག་ཉར་བྱས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། བོད་ཚེས་བཅོ་ལྔ་སྟེ་ཕྱི་ཚེས་ ༡༦ ཉིན། དྲིལ་མདའ་དགོན་པའི་འདུ་ཁང་གི་ཕྱི་ནང་གང་སར་དམག་ཆས་ཆ་ཚང་གྱོན་ནས་མེ་མདའ་ཐོག་པའི་དམག་མིས་བསྐོར་ནས། གྲྭ་པ་རྣམས་ལ་རང་དབང་འགྲོ་སྐྱོད་བྱེད་མ་བཅུག་པར་བཀག་སྡོམ་ལྟ་རྟོགས་འོག་གནས་ཡོད་འདུག
དེ་བཞིན། ཕྱི་ཚེས་ ༡༤ ཉིན་ཁྲི་རུ་ཡུལ་ཚོ་གྲོང་ཚོ་གཉིས་པའི་བསྟན་གཡང་གི་བུ་རང་ལོ་༡༨ ཡིན་པ་ཚེ་རིང་བསམ་འཕེལ་དང་། ནོར་བུ་དབང་གྲགས་ཚང་གི་བུ་གྲགས་པ་གཉིས་འཛིན་བཟུང་བྱས་འདུག ཁོང་གཉིས་ཀྱིས་ལག་ཁྱེར་ཁ་པར་བརྒྱུད་བོད་ཀྱི་གཞས་པ་ཤེར་བསྟན་གྱི་གཞས་ཞིག་ཕན་ཚུན་སྐུར་བ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཞིག་ཡིན་འདུག ཁོང་གཉིས་སོག་རྫོང་དུ་ཁྲིད་རྗེས་གང་དུ་བཙོན་འཇུག་བཀག་ཉར་བྱས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག