སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྲིང་མོའི་གཙོས་ས་གནས་མི་མང་གི་འཐུས་ཚབ་མི་སྣ་ལྔ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་བསྐྱོད་དེ། རྒྱ་གཞུང་གི་ཉེས་དོན་གཏུགས་བཤེར་བཅའ་ཁྲིམས་ནང་བཀོད་པའི་ཁྲིམས་མཐུན་གྱི་ཁེ་དབང་གཞིར་བཟུང་། མ་ཉེས་ཁག་གཡོག་ཀྱིས་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཕོག་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གྱོད་གཞི་ཞུ་གཏུགས་སུ་བསྐྱོད་དེ་ཕྱིར་བསླེབས་སྐབས། ས་གནས་ཉག་ཆུ་རྫོང་ཉེན་རྟོག་པས་བོད་མི་བཞི་བཀག་ཉར་དང་དངུལ་གྱི་ཆད་པ་འཁྱེར་ཡོང་དགོས་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ཡོད་པ་དེར། འདི་ག་ལྟེ་གནས་ཁང་གི་ངོས་ནས་བསྐྱོད་བརྗོད་དང་། རྒྱ་ནག་དབུས་འབྲེལ་ཡོད་སྡེ་ཁག་གིས་རིན་པོ་ཆེ་ཁོང་གི་གྱོད་གཞིར་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
༢༠༠༢ ལོར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་འགད་གཏོར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག ལོ་གཉིས་ཀྱི་དུས་འགྱངས་སྲོག་ཁྲིམས་བཅད་དེ་བཙོན་འཇུག་བྱས་ཏེ་ལོ་ ༡༡ འགྲོ་བཞིན་ཡོད་ལ། འདས་པའི་ལོ་དེ་དག་ནང་ཁོང་གི་ནང་མི་ཉེ་འབྲེལ་གཙོས་ས་གནས་བོད་རིགས་ཡུལ་མི་ཚོས་ས་གནས་རྫོང་དང་ཁུལ་རིམ་པར་དྲང་བདེན་མ་ཡིན་པའི་ཁྲིམས་བཅད་དེར་བསྐྱར་ཞིབ་བྱ་དགོས་པའི་རེ་འདུན་ཐེངས་མང་བཏོན་ཡོད་ཀྱང་ད་ལྟའི་བར་གྲུབ་འབྲས་གང་ཡང་བྱུང་མེད་སྟབས། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༩ ཉིན་ལོ་ ༤༧ ཡིན་པའི་རིན་པོ་ཆེའི་སྲིང་མོ་སྒྲོན་དཀར་ལྷ་མོ་དང་། ལོ་ ༦༦ ཡིན་པའི་ཁམས་ཉག་ཆུའི་མི་སྐྱ་སོག་རན་བློ་རིས། ལོ་ ༥༠ ཡིན་པའི་ལུག་རྫི་ཨ་སྤེལ། རང་ལོ་ ༦༤ ཡིན་པའི་ལྷག་མ་ཆོས་གྲུབ། ལོ་ ༤༦ ཡིན་པའི་འདུས་འཕྲིན་ལས་བཅས་བོད་མི་ལྔ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་བསྐྱོད་དེ། རྒྱ་གཞུང་གི་དབུས་འབྲེལ་ཡོད་སྡེ་ཁག་དག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་ནག་ཉེས་བཀལ་ཏེ་དྲང་བདེན་མ་ཡིན་པའི་ཁྲིམས་བཅད་བྱས་པའི་གནས་ཚུལ་སྐོར་གྱི་ཡིག་ཆ་རྣམས་སྤྲད་དེ་ཞུ་གཏུགས་འབོད་སྐུལ་ཞུས་ཡོད་འདུག
ཐེངས་འདིའི་ཞུ་འབོད་ཀྱི་ནང་དོན་གཙོ་བོ་ནི། ས་གནས་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་ལ་འཇིཊ་སྐུལ་རིང་ལུཊ་པའི་ནག་ཉེས་བཀལ་པ་དེར། ས་གནས་མི་མང་ ༣༠༠༠༠ ལྷག་གིས་རིན་པོ་ཆེ་མཆོག་ལ་ནག་ཉེས་དེ་འདྲ་གཏན་ནས་མེད་པའི་ཁག་ཐེག་འགན་ལེན་བྱས་ཏེ། ལོ་མང་པོར་ཞང་དང་རྫོང་། ཁུལ་རིམ་པར་གནས་ཚུལ་རིམ་པ་ཞུས་ཡོད་ཀྱང་། ཡ་ལན་མ་བྱས་ཁར་མ་ཉེས་ཁག་གཡོག་གིས་བཙོན་འཇུག་བྱས་ཏེ་ལོ་ ༡༡ ལྷག་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་དེ་སྔོན་ཁོང་གི་གཉེན་ཉེ་ཚོར་ཐེངས་འགར་ཐུག་འཕྲད་བྱེད་བཅུག་སྐབས། རིན་པོ་ཆེར་སྙིང་རླུང་གི་ན་ཚ་ཕོག་སྟེ་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ཤེས་རྟོགས་བྱུང་ཡོད་པའི་གནས་སྟངས་སྐོར་དང་།
དེ་བཞིན། རིན་པོ་ཆེ་མཆོག་གིས་ཀྱང་ཁོང་ལ་ཉེས་འགལ་བྱས་པའི་གནད་དོན་དེ་རྒྱ་ནག་དབུས་གཞུང་བར་དུ་ཞུ་འབུལ་གསལ་བོ་ཞིག་བྱེད་ཐུབ་པ་བྱུང་ཚེ་ཐག་གཅོད་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་གནང་ཡོད་སྟབས། པ་ལྟར། ས་གནས་དད་ལྡན་མི་མང་གི་ངོས་ནས་ཀྱང་དེ་བཞིན་དུ་རེ་བ་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་བར་མི་མང་གིས་ས་གནས་སྲིད་གཞུང་རིམ་པའི་མགོ་ཁྲིད་ཚོར་ཐེངས་མང་ཞུ་འབོད་ཞུས་ཀྱང་། སྐབས་འཕྲལ་གྱི་མགོ་གཡོག་མགོ་སྐོར་ཙམ་ལས་མི་མང་གི་བདེ་སྡུག་དང་རྒྱལ་ཁབ་ལ་བསམ་བློ་གཏོང་མཁན་མེད་པའི་གནས་སྟངས་གསལ་བོ་མཐོང་སྟེ། ཐེངས་འདིར་ས་གནས་ཀྱི་མགོ་ཁྲིད་སོགས་ལ་གསང་བའི་སྒོ་ནས་པེ་ཅིན་དུ་རྒྱ་ནག་དབུས་གཞུང་ལ་ཞུ་གཏུགས་བྱེད་དུ་ཡོང་བ་ཡིན་པ་དང་། ཁོང་ཚོའི་རེ་བ་ཤོས་ནི་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་རྒྱུ་དང་། དེ་ལྟར་མ་བྱུང་ཡང་གཟུགས་པོར་སྨན་བཅོས་ཀྱི་ཆེད་དུ་ཀློད་གྲོལ་གཏོང་དགོས་པ། དམའ་མཐར་ཡང་ཁོང་ལ་མ་ཉེས་ཁག་གཡོག་གིས་དྲང་བདེན་མིན་པའི་ཁྲིམས་བཅད་བྱས་པ་དེར་བསྐྱར་དུ་ཁྲིམས་བཤེར་དག་འབུལ་ཞུ་ཆོག་པའི་ལམ་ཁ་ཞིག་རག་ཐབས་ཀྱི་རེ་བ་བཅས་རྒྱག་གི་ཡོད་སྐོར་བཀོད་ཡོད་འདུག
གཞན་ཡང་ཞུ་འབོད་ཡི་གེ་དེའི་ནང་དུ། ད་ལྟའི་བར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་དང་། སློབ་གྲྭ་དང་སྨན་ཁང་གསར་རྒྱག རྐུན་ཇག་མེད་པར་བཟོས་པ། གྱོད་གཞི་འདུམ་འགྲི
ག་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་པའི་ལས་ཀ་ལས་རྒྱལ་ཁབ་ཁ་བྲལ་གྱི་ལས་ཀ་བྱས་མེད་ཀྱང་། ས་གནས་ཀྱི་མགོ་ཁྲིད་ཚོས་ཁོང་གི་ཕྱག་ལས་མཐའ་དག་ཁྲིམས་འགལ་འབའ་
ཞིག་ཏུ་ངོས་འཛིན་གྱིས་དབུས་གཞུང་ཡར་ཞུ་བྱས་པ་དེས་རྒྱལ་ཁབ་དང་མི་དམངས་བར་འགལ་བ་ཆེན་པོ་བཟོས་ཡོད་པ་དང་། རྒྱ་ནག་གཞུང་གིས་ནམ་རྒྱུན་མི་མང་ལ་སྤྱི་ཚོགས་འཆམ་མཐུན་དགོས་ཞེས་གླེང་བསྡད་པ་ལྟར། འཆམ་མཐུན་ཡག་པོ་ཞིག་ཡོང་དགོས་ཚེ་མི་མང་གིས་གུས་བརྩི་དང་དད་འདུན་ཞུ་སའི་སྐྱབས་གནས་བླ་མ་ལ་འདི་ལྟར་མ་ཉེས་ཁག་གཡོགས་བྱས་ཚེ་སྤྱི་ཚོགས་འཆམ་མཐུན་ཡོང་ཐབས་མེད་པ་དང་། རྒྱལ་ཁབ་ཅིག་ལ་མཚོན་ན་རྒྱལ་དམངས་བར་གྱི་འབྲེལ་བ་གལ་ཆེན་ཡིན་སྟབས། ས་གནས་ཞང་དང་རྫོང་། ཁུལ་རིམ་པའི་ལས་བྱེད་དག་གིས་སོ་སོའི་གོ་གནས་ཆེད་གོང་རིམ་ལ་རྫུན་གཏམ་ཁོ་ན་བཤད་དེ། རྒྱལ་དམངས་བར་གྱི་འབྲེལ་ལམ་ལ་གཏོར་བརླག་དང་མི་མང་གི་སེམས་སུ་རྨ་ཁ་ཆེན་པོ་བཟོས་ཡོད་པ་བཀོད་ཡོད་འདུག
ཡིན་ནའང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་མ་ཉེས་ཁག་གཡོག་གི་ཁྲིམས་བཅད་ཐད་ཞུ་གཏུགས་སུ་བསྐྱོད་མཁན་མི་ལྔ་པོ་དེ། རྒྱ་ནག་རྒྱལ་ས་པེ་ཅིན་དུ་བསྐྱོད་དེ་འབྲེལ་ཡོད་དབུས་སྡེ་ཁག་རྣམས་ལ་ཞུ་འབོད་བྱས་རྗེས། ཕྱིར་ལོག་སྟེ་རྒྱ་ནག་ཁྲིན་ཏུའུ་གནམ་ཐང་དུ་བསླེབས་མ་ཐག་ཉག་ཆུ་རྫོང་གི་ཉེན་རྟོག་པའི་ཤེས་རྟོགས་བྱུང་སྟེ་ཁོང་ཚོར་རྗེས་འདེད་ཀྱིས་འཛིན་བཟུང་བྱས་ཏེ། ཕྱི་ཟླ་ ༧ ཚེས་ ༢༠ ཉིན་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལས་གཞན་པའི་བོད་མི་བཞི་པོ་ཉག་ཆུ་རྫོང་ཀ་ར་ཞེས་པའི་བཙོན་ཁང་གིས་འཇུ་བཟུང་གིས་ཉིན་ ༡༤ བཀག་ཉར་བྱས་མཐར། ཁོ་ཚོ་སྔ་རྗེས་སུ་ཀློད་གྲོལ་བཏང་ཡོད་ཀྱང་། མི་རེ་ནས་ཉེས་ཆད་རྒྱ་སྐོར་ ༤༠༠༠ རེ་འཁྱེར་ཡོང་དགོས་པར་བརྗོད། ཁྲིམས་མཐུན་ཞུ་གཏུགས་སུ་བསྐྱོད་མཁན་ཁོང་ཚོའི་ཐོག་ལ་ཁྲིམས་མེད་ལུགས་མེད་ཀྱི་དབང་ཡོད་བྱ་སྤྱོད་སྤེལ་ཡོད་འདུག
རྒྱ་ནག་གཞུང་གི་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་དོན་ཚན་ ༡༤ པའི་ནང་། མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། ཉེན་རྟོག་སྡེ་ཁག་གིས་ཉེས་ཅན་དོགས་ཡོད་མི་སྣ་དང་ཞུ་གཏུགས་ཞུ་མི། དེ་བཞིན་ཞུ་གཏུགས་བྱེད་མཁན་འབྲེལ་མི་སྣར་ཁྲིམས་ནང་གཏན་འབེབས་བྱས་ཡོད་པའི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་དང་ཞུ་གཏུགས་ཀྱི་ཁེ་དབང་བཅས་ཡོད་པ་མ་ཟད། ཞུ་གཏུགས་བྱེད་མཁན་འབྲེལ་ཡོད་མི་སྣས་ཁྲིམས་དཔོན་དང་ཁྲིམས་ཞིབ་པ། འདྲི་གཅོད་པ་བཅས་ཀྱིས་སྤྱི་དམངས་ཀྱི་ཞུ་གཏུགས་ཁེ་དབང་དང་མི་ཚེ་ལ་དམའ་འབེབས་ཀྱི་བྱ་སྤྱོད་སྤེལ་ཚེ་ཞུ་གཏུགས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་བཀོད་ཡོད་པ་ལྟར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྲིང་མོ་་་་འི་གཙོས་ས་གནས་དད་ལྡན་ཡུལ་མི་ལྔ་ཡིས། རྒྱ་གཞུང་རང་གི་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་གཞིར་བཟུང་ཐོག རྒྱ་ནག་དབུས་གཞུང་ལ་ཞུ་གཏུགས་ཆེད་བསྐྱོད་པ་དེར། ས་གནས་ཉག་ཆུ་རྫོང་གི་ཉེན་རྟོག་པས་ཁོང་ཚོར་འཇུ་བཟུང་བཀག་བསྐྱིལ་བྱས་པ་མ་ཟད། དངུལ་སྒོར་གྱི་ཆད་པ་འཁྱེར་ཡོང་དགོས་པའི་ཉེས་ཆད་བཅད་པ་དེ་ནི། རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་ས་གནས་གཞུང་གི་ཁྲིམས་འཛིན་མི་སྣ་བསམ་བཞིན་དུ་རྡོག་རོལ་སྣང་མེད་ཀྱིས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་བ་ཞིག་ཆགས་ཡོད།
དྲང་བདེན་མ་ཡིན་པའི་ཁྲིམས་ཆད།
སྤྱིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ལོ་གཉིས་ཀྱི་སྲོག་ཁྲིམས་དང་། བློ་བཟང་དོན་གྲུབ་ལ་འཕྲལ་དུ་སྲོག་ཐོག་བཏང་བའི་ཁྲིམས་བཅད་དེ་ནི། ས་གནས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་སྟེ་སྲོག་ཁྲིམས་བཅད་པའི་ཁྲིམས་འགལ་གྱི་གྱོད་དོན་ཞིག་ཆགས་ཡོད། དེའང་། ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༤ ཚེས་ ༣ ཉིན་ཟི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཁྲིན་ཏུའུ་ཐན་ཕུང་ཐང་ཆེན་དུ་འབར་རྫས་གས་འཐོར་གྱི་དོན་རྐྱེན་བྱུང་རྗེས། བོད་མི་བློ་བཟང་དོན་གྲུབ་འཛིན་བཟུང་བྱས་ཡོད་པ་དང་། ཚེས་ ༧ ཉིན་ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་བཅས་བཅས་ཀྱི་ཉེན་རྟོག་པ་དང་དྲག་ཆས་ཉེན་དམག་མིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གཟིམ་ཤག་གི་མཐའ་སྐོར་ཏེ། ཁྲིམས་ལུགས་ལྟར་འཇུ་བཟུང་བྱ་དགོས་པའི་འགྲེལ་བརྗོད་གང་ཡང་མ་བྱས་པར། རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་ཚུལ་ཁྲིམས་དར་རྒྱས་དང་། ཨ་ཤེས་དར་རྒྱས། རྟ་མགྲིན་ཚེ་རིང་བཅས་འཇུ་བཟུང་བཙན་བྱས་ཏེ་གར་སོར་ཆ་མེད་དུ་གྱུར་ཏེ། ཟླ་གཉིས་ལྷག་འགོར་བའི་རྗེས་སུ་ད་གཟོད་མདོ་རྫོང་གི་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་ཤེས་རྟོགས་བྱུང་ཡོད་པ་རེད།
རྒྱ་གཞུང་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་དོན་ཚན་ ༦༤ པར། སྤྱི་བདེའི་ཚན་པས་བཀག་ཉར་བྱེད་སྐབས་ངེས་པར་དུ་བཀག་ཉར་དཔང་ཡིག་སྟོན་དགོས་པ་དང་། བཀག་ཉར་བྱེད་པའི་དོན་རྐྱེན་དང་བཀག་བསྐྱིལ་བྱེད་ཡུལ་ས་ཆ་བཅས། ཆུ་ཚོད་ ༢༤ ནང་ཚུད་དུ་བཀག་ཉར་བྱེད་ཡུལ་མི་སྣའི་ནང་མི་དང་འབྲེལ་ཡོད་ཚན་པར་བརྡ་ཐོ་གཏོང་དགོས་པ་བཀོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འཇུ་བཟུང་སྐབས། རྒྱ་གཞུང་གི་ཁྲིམས་ལྟར་འཇུ་བཟུང་དགོས་རྒྱུ་མཚན་གསལ་བརྗོད་བྱས་མེད་པ་མ་ཟད། འཇུ་བཟུང་བྱས་རྗེས་ཀྱང་ཁོང་གི་ནང་མིར་བརྡ་ཡིག་མ་བཏང་པར་གར་སོང་ཆ་མེད་ཀྱི་གནས་སྟངས་ཆགས་ཡོད།
ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢ ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། བློ་བཟང་དོན་གྲུབ་གཉིས་ལ་ཁྲིམས་ཆད་གཏོང་བའི་བཅད་ཁྲ་ཁྱབ་བསྒྲགས་བྱེད་སྐབས། ཡོངས་བསྒྲགས་མ་ཡིན་པར་དམ་དྲག་འོག་ཁྲིམས་ར་ཚོགས་ཏེ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པར་བརྟེན། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། མི་སྒེར་བཅས་ནས་སྐྱོན་བརྗོད་དང་སྦྲགས། རྒྱལ་སྤྱིའི་འབྲེལ་ལམ་བརྒྱུད་དེ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པའི་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་དེར་བསྐྱར་དུ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་བྱས་ཡོད་པ་མ་ཟད། རྒྱ་རིགས་རྩོམ་པ་པོ་ཝང་ལིས་ཞོན་གཙོས་རྒྱ་རིགས་ཤེས་ལྡན་པ་ཁག་གིས་ཀྱང་དྲང་བདེན་མ་ཡིན་པའི་ཁྲིམས་བཅད་དེ་གོང་རིམ་ལ་ཞུ་གཏུགས་ཀྱི་གྲོས་གཞིའི་ཡི་གེ་ཞིག་ཡོངས་བསྒྲགས་སྤེལ་ཏེ། གྲོས་གཞི་དེར་རྒྱ་བོད་མི་སྣ་ ༡༤༩ ལྷག་གིས་ས་རྟགས་བསྐྱོན་ཡོད་པ་རེད།
རྒྱ་གཞུང་གི་ཁྲིམས་ལུགས་གཞིར་བཟུང་བྱས་ན། ཁྲིམས་བཅད་ཡི་གེ་འབྱོར་ནས་ཉིན་བཅུའི་ནང་ཚུད་དུ་རིམ་པ་གཅིག་གི་མཐོ་བའི་ཁྲིམས་ཁང་ལ་ཞུ་གཏུགས་བྱ་ཆོག་པ་ལྟར། ༢༠༠༢ ཟླ་ ༡༢ ཚེས་ ༡༧ ཉིན་ཁྲིམས་རྩོད་པ་ཀྲང་སི་ཀྲི་དང་ལི་ཧུའི་ཀོན་གཉིས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གྱོད་གཞི་ཞུ་གཏུགས་དག་འབུད་ཀྱི་ཁྲིམས་རྩོད་པ་བྱེད་རྒྱུ་ཁས་ལེན་གནང་སྟེ། ཕྱི་ཚེས་ ༡༨ ཉིན་རིན་པོ་ཆེ་ཁོང་གི་ཨ་ཁུ་ཚེ་རིང་ལོག་ལོག་གིས་མྱུར་འཕྲིན་བརྒྱུད་ཁྲིམས་རྩོད་པའི་ངག་བཅོལ་ཡི་གེར་ས་ཡིག་བཀོད་ཡོད་པ་དང་། ཚེས་ ༢༥ ཉིན་ཁྲིམས་རྩོད་པ་གཉིས་ཀྱིས་རིན་པོ་ཆེའི་གྱོད་གཞིའི་གཙོ་འགན་འཁུར་ལེན་པ་ཁྲིམས་དཔོན་ཝང་ཅིན་ཧུང་དང་འབྲེལ་བ་གནང་སྟེ། ཁྲིམས་རྩོད་པ་གཉིས་ཀྱི་ལས་ཁུངས་ནས་སི་ཁྲོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ལ་བཏང་བའི་གཞུང་ཡིག་དང་། ཚེ་རིང་ལོག་ལོག་གི་མངགས་བཅོལ་ཡི་གེ་བཅས་ཁྲིམས་དཔོན་ལ་ཕུལ་ཐོག ཁྲིམས་དཔོན་ནས་ཀྱང་ཁྲིམས་རྩོད་པ་ཁོང་གཉིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞུ་གཏུགས་ཁྲིམས་རྩོད་པར་ངོས་ལེན་གནང་ཡོད་པ་རེད། ཡིན་ནའང་། ཉིན་ཤས་རྗེས་ས་གནས་རྒྱ་གཞུང་ཁྲིམས་ཁང་གི་བྱེད་སྟངས་ལ་གློ་བུར་འགྱུར་ལྡོག་བྱུང་སྟེ། དཀར་མཛེས་ས་ཁུལ་ནས་གོང་གཏུགས་ཁྲིམས་རྩོད་པ་གཉིས་དམིགས་འཛུགས་ཟིན་ཡོད་ལུགས་བརྗོད་དེ། རིན་པོ་ཆེའི་ནང་མིས་གླས་པའི་ཁྲིམས་རྩོད་པ་གཉིས་དང་ལེན་བྱས་མེད་པ་རེད།
རྒྱ་གཞུང་གི་ཉེས་དོན་གཏུགས་བཤེར་བཅའ་ཁྲིམས་དོན་ཚན་ ༣༢ པའི་ནང་། དོགས་ཡོད་ཉེས་ཅན་པ་དང་། གྱོད་ཡ་རང་ཉིད་ཀྱིས་རང་ལ་དག་འབུལ་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད། གཞན་པའི་མི་གཅིག་ནས་གཉིས་ཀྱིས་དག་འབུད་བྱེད་རྒྱུར་མངགས་བཅོལ་བྱས་ཆོག་པ་བཀོད་ཡོད། ཡིན་ནའང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གྱོད་དོན་ཐད་ས་གནས་རྒྱ་གཞུང་གིས་བཅའ་ཁྲིམས་ཀྱི་དགོངས་དོན་རྡོག་རོལ་རྩིས་མེད་བཏང་སྟེ། རིན་པོ་ཆེ་མཆོག་དང་ཁོང་གི་ནང་མིས་འདོད་པ་ཡོད་མིན་ལ་མ་བལྟས་པར། ས་གནས་ཁྲིམས་ཁང་རང་ཁྲིམས་རྩོད་པ་གཉིས་གོ་སྒྲིག་བྱས་ཏེ། ཁྲིམས་མཐུན་དྲང་བདེན་མ་ཡིན་པའི་ཐོག་ནས་གྱོད་གཞི་བསྐྱར་ཞིབ་ཀྱི་འཁྲབ་བསྟོན་བྱས་ཏེ། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢༦ ཉིན་ཟི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས། དེ་སྔའི་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་བཅད་དེ་རང་འཇགས་ཐོག་ཁྲིམས་བཅད་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཏེ། བློ་བཟང་དོན་གྲུབ་དར་རྩེ་མདོར་སྲོག་ཐོག་བཏང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག་གཏོང་རྒྱུ་ཁྲིམས་ཆད་ལ་འགྱུར་བ་གང་ཡང་མ་བྱུང་པར་བཙོན་འོག་ཏུ་ཚུད་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༥ ཉིན་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཁྲིམས་ཚེ་བཙོན་དུ་ཕབ་སྟེ་ད་བར་བཙོན་ཁང་དུ་མནར་གཅོད་མྱངས་དགོས་བྱུང་བར་བརྟེན། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད།
སྔ་ཕྱིར་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཟི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཁྲིམས་གཅོད་བྱས་པའི་བརྒྱུད་རིམ་མཐའ་དག ཁྲིམས་ལུགས་གཞིར་བཟུང་དྲང་བདེན་ཁྲིམས་བཤེར་བྱས་པ་ཞིག་མ་ཡིན་པར། ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཆེད་བཙན་དབང་གིས་ཐག་གཅོད་བྱས་པ་ཞིག་ཆགས་ཡོད། སྐབས་དེའི་ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཀྲིག་ཡུང་ཁཱང་ཡིན་ལ། ཁོས་རང་ཉིད་ཀྱི་གོ་གནས་འཕར་ཆེད་དམར་ཤོག་མཁྲེགས་འཛིན་ཤོག་ཁག་གི་དཔུང་ཤུགས་ལ་རྒྱབ་བརྟེན་བཅོལ་ཏེ། དྲག་སྤྱོད་གཏོར་རྒོལ་བྱ་སྤྱོད་ལ་རྒོལ་རྡུང་བྱེད་པར་ཁ་གཡར་ནས་སྤྱི་ཚོགས་ལ་དམ་དྲག་བྱེད་པའི་སྲིད་ཇུས་དེ་དང་འབྲེལ་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཆད་ཕོག་ཡོད་ལ། རྗེས་སུ་ཁོ་རང་རྒྱ་གཞུང་དམར་ཤོག་དབུས་རྒྱུན་ལས་དང་དབུས་ཁྲིམས་སྲིདལྷན་ཁང་གི་མགོ་གཙོ་ཆགས་པར་བརྟེན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞུ་གཏུགས་ཁྲིམས་བཤེར་ལ་ཕན་འབྲས་གང་ཡང་བྱུང་ཐུབ་མེད་པ་རེད།
དྲང་བདེན་ཁྲིམས་བཤེར་དང་ཀློད་གྲོལ་ཡོང་བའི་འབོད་སྐུལ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ས་གནས་རྒྱ་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་དྲང་བདེན་མ་མ་ཡིན་པའི་ཁྲིམས་ཐག་བཅད་པར་བརྟེན་ནས། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱིས། རིན་པོ་ཆེ་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱས་ཏེ་ཀློད་གྲོལ་ཡོང་ཐབས་ཐད། སྔ་ཕྱིར་མི་མང་ ༣༠༠༠༠ ལྷག་གི་ས་རྟགས་བསྡུ་རུབ་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་རིམ་པར་བྱས་ཡོད་ལ། བཙོན་ཁང་ནང་ནང་མི་དང་ཐུག་འཕྲད་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡིས་ཁོང་གིས་ཁྲིམས་འགལ་ནག་ཉེས་གང་ཡང་བསགས་མེད་པ་དང་། རྒྱ་ནག་དབུས་གཞུང་ལ་ཁོང་གི་གྱོད་དོན་དེ་ཞུ་གཏུགས་བྱེད་དགོས་པའི་སྐོར་འབྲེལ་ཡོད་ནང་མིར་ངག་བཅོལ་བྱས་ཏེ། རྒྱ་ནག་དབུས་འབྲེལ་ཡོད་སྡེ་ཁག་དང་མགོ་ཁྲིད་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཉེས་ཁྲིམས་གཏུགས་བཤེར་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། སོ་སོར་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཆད་ཕོག་པ་དེར་བསྐྱར་དུ་ཁྲིམས་ཞིབ་ཀྱིས་དག་འབུལ་ཡོང་བའི་རེ་བ་དང་ཡིད་ཆེས་གནང་ཡོད་པ་རེད།
འདི་ག་ལྟེ་གནས་ཁང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་ས་གནས་རྒྱ་གཞུང་གིས་དྲང་བདེན་མ་ཡིན་པའི་ཆད་བཅད་པའི་ཐད། དོ་སྣང་ཆེན་པོའི་སྒོ་ནས་ཉམས་ཞིབ་བརྒྱུད་འབྲེལ་ཡོད་སྡེ་ཁག་ལ་ཞུ་སྐུལ་རིམ་པར་བྱས་ཡོད་པ་ལྟར། རིན་པོ་ཆེ་ཁོང་གིས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་གང་ཡང་བསགས་མེད་པར་ངོས་འཛིན་གཙང་མ་གནང་གི་ཡོད་ལ། རྒྱ་གཞུང་དབུས་འབྲེལ་ཡོད་སྡེ་ཁག་གིས་རིན་པོ་ཆེ་ཁོང་ལ་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཆད་ཕོག་པ་དེར་བསྐྱར་དུ་ཁྲིམས་ཞིབ་བྱ་རྒྱུ་དང་། འདས་པའི་ལོ་བཅུ་ལྷག་གི་རིང་ཉེས་མེད་བཙོན་འཇུག་གི་མནར་གཅོད་འོག ད་ལྟའི་ཆར་རིན་པོ་ཆེ་ཁོང་གི་གཟུགས་པོ་སྐྱོ་བོ་ཆགས་ཡོད་པའི་དངོས་ཡོད་གནས་སྟངས་ལ་གཞིགས་ནས། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གང་མགྱོགས་རིན་པོ་ཁོང་སྨན་བཅོས་ཆེད་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་མི་ཚེ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་ ༡༩༥༠ བོད་ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་མཐིལ་དུ་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས། ༡༩༥༨ ལོའི་དུས་འགྱུར་ཁྲོད་གསང་སྟབས་ཀྱི་སྒོ་ནས་སྨར་ཁམས་རྒན་རྟ་མགྲིན་ཚེ་དབང་གི་དྲུང་ནས་ཆོས་སྤྱོད་ཀྱི་རིམ་པར་སློབ་གཉེར་གནང་། ༡༩༧༩ ལོར་སྐུའི་གཅེན་པོ་བློ་བཟང་བསམ་གཏན་སོགས་བོད་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་དང་པོ་ལི་ཐང་ཕྱོགས་སུ་ཕེབས་སྐབས། ཁོང་གིས་རྒྱ་དམར་གྱི་ལི་ཐང་དགོན་ཆེན་གཏེར་བཤིག་བཏང་བ་དང་། བོད་མིར་ཆོས་དད་རང་དབང་མེད་པ། སེར་སྐྱ་མི་མང་ལ་མནར་གཅོད་བཏང་བའི་དངོས་བདེན་གནས་ཚུལ་དྲང་བོར་བརྗོད་ཡོད་ལ། ༡༩༧༧ ལོར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་པའི་རྗེས། ཁོང་གིས་པཎ་ཆེན་རིན་པོ་མཆོག་ལ་རྒྱ་དམར་གཞུང་གིས་ལི་ཐང་དགོན་ཆེན་ཆོས་སྒོ་ཕྱེ་མེད་པ་དང་། བོད་མི་མང་པོར་ཉེས་མེད་ཞྭ་མོ་གཡོགས་ཏེ་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་རྣམས་སྙན་སེང་ཞུས་ཡོད།
ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཁོང་གིས་ཉག་ཆུ་ས་ཁུལ་དུ་རིམ་བཞིན་འཇམ་དབྱངས་ཆོས་འཁོར་གླིང་དང་། བཙུན་དགོན་བདེ་ཆེན་ཆོས་གླིང་། ཚོ་བཅུའི་དགའ་ལྡན་གླིང་། མགོ་ལོག་རྣམ་གྲོལ་གླིང་། མགོ་ལོག་བཀྲ་ཤིས་འཁྱིལ་གླིང་། དེ་ཚ་རྣམ་རྒྱལ་གླིང་། ཚེ་མགོན་བཤད་སྒྲུབ་དར་རྒྱས་གླིང་། གསུང་ཆོས་ར་བཅས་དགོན་ཁག་བརྒྱུད་ཕྲག་འདེབས་མཛད་པ་མ་ཟད། ཕ་མ་མེད་པའི་དྭ་ཕྲུག་དང་། ཁྱིམ་ཚང་སྐྱོ་བོའི་ཕྲུ་གུ་གསོ་སྐྱོང་དང་སློབ་སྦྱོང་སྤྲོད་ཆེད་བུ་གསོ་ཀང་ཞིག་ཀྱང་ཕྱག་བཏབ་སྟེ། ཕྲུ་གུ་ ༡༦༠ ལྷག་གི་ཟས་གོས་གནས་མལ་གང་ཅིའི་འགྲོ་སོང་ཆ་ཚང་རིན་པོ་ཆེ་སྐུ་སྒེར་གྱིས་གནང་ཡོད། ཕྱི་ལོ་ ༡༩༩༨ ལོར་ཉག་ཆུ་རྫོང་གི་ཉེ་འགྲམ་དགེ་བཤེས་ལུང་པའི་ས་ཆར་རྒྱ་སྒོར་ཁྲི་ ༣༨ ལྷག་གི་འགྲོ་སོང་བཏང་སྟེ། བོད་ཀྱི་རིག་གནས་མི་ཉམས་རྒྱུན་འཛིན་ཆེད་སློབ་གྲྭ་ཞིག་གསར་འཛུགས་གནང་ཡོད་ལ། སློབ་གྲྭ་དེར་སློབ་ཕྲུག་གྲངས་ ༣༥༠ ཡོད་པའི་ནང་ས་གནས་རྫོང་ཁག་གསུམ་གྱི་མི་སྣ་འདུས་ཡོད་པ་དང་། སློབ་གྲྭའི་ཉེ་འཁྲིས་སུ་རྒས་གསོ་ཁང་དང་སྨན་ཁང་བཅས་བརྒྱབ་ཡོད་པ་རེད།
དེ་ལྟར། རིན་པོ་ཆེ་ཁོང་གིས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། བོད་ཡུལ་གྱི་རང་བྱུང་གཏེར་ཁ་དང་རི་དྭགས་སྲུང་སྐྱོབ། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ཐད་ཕྱག་ལས་རབ་དང་རིམ་པ་གནང་པར་བརྟེན། ས་གནས་རྒྱ་གཞུང་གི་དཔོན་རིགས་ཚོས་སོ་སོའི་སྒེར་གཅོད་རུལ་སུངས་ཀྱི་ཁེ་ཕན་ལ་དམིགས་ཏེ། ཕྱི་ལོ་ ༡༩༩༧ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཀུལ་གྱིས་རིན་པོ་ཆེའི་སྐོར་ལ་དམིགས་བསལ་ཚོགས་འདུ་ཞིག་བསྐངས་ཏེ། ཚོགས་ཐོག་ཏུ་ཨ་ངག་བཀྲ་ཤིས་སྤྲུལ་སྐུར་ངོས་ལེན་མེད་པ། ད་ནས་བཟུང་གྲྭ་བ་དཀྱུས་མའི་ངོ་བོར་གནས་རྒྱུ་ལས་སྤྲུལ་སྐུའི་མིང་ཐོག་བྱེད་སྒོ་སྤེལ་མི་ཆོག་པ། ཁོང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་རྣམས་རྩིས་མེད་དུ་གཏོང་རྒྱུ། དགོན་པ་གཞན་དག་གི་བྱེད་སྒོར་ཞུགས་མི་ཆོག་པ། མུ་མཐུད་དགོན་པ་རྒྱ་བསྐྱེད་གཏོང་མི་ཆོག་པ། ཉག་ཆུ་རྫོང་ཆབ་སྲིད་གྲོས་མོལ་ཁང་གི་འཐུས་མིའི་གོ་གནས་ཕྱིར་བསྡུ་བྱ་རྒྱུ། བཅས་དོན་ཚན་དྲུག་ཅན་གྱི་དེབ་ཆུང་ཞིག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་རྫོང་ཁག་སོ་སོར་བཀྲམས་ཞིང་། དེ་ནས་ཅུང་མ་འགོར་བར་རིན་པོ་ཆེ་འཇུ་བཟུང་བྱེད་རྒྱུའི་ཇུས་ངན་བཤམས་པར་བརྟེན། རིན་པོ་ཆེ་ཁོང་ཟླ་བ་ལྔ་དང་ཉིན་བཅོ་བརྒྱད་རིང་རི་མགོ་བཞུགས་དགོས་བྱུང་ཡོད། རྗེས་སུ་ས་གནས་མི་མང་ཁྲི་གསུམ་ལྷག་གིས་རིན་པོ་ཆེར་ཉེས་མེད་ཁག་ཐེག་གི་ས་རྟགས་བསྡུ་རུབ་བྱས་ཏེ། ས་གནས་རྫོང་དང་རང་སྐྱོང་ཁུལ་ལ་སྙན་ཞུ་རིམ་པར་ཕུལ་བར་བརྟེན་ནས་ཕྱིར་དགོན་པར་ཕེབས་ཐུབ་ཡོད་ཀྱང་། ཕྱི་ལོ་ ༢༠༠༠ ལོར་ས་གནས་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དག་གིས་རིན་པོ་ཆེ་འབོད་འགུག་བྱས་ཏེ། ༸གོང་ས་མཆོག་ལ་ངོ་རྒོལ་དང་པཎ་ཆེན་རྫུན་མ་ངོས་ལེན་གྱི་མཛུབ་ཐེལ་རྒྱག་དགོས་པ་དང་། མང་ཚོགས་ལ་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་བསྒྲགས་དགོས་པའི་བཙན་སྐུལ་བྱས་པར། རིན་པོ་ཆེ་མཆོག་གིས་ངོས་ལེན་མ་གནང་བར་བརྟེན། ཉིན་འགའི་རྗེས་སུ་ཁུལ་གསང་བའི་ལས་ཁུངས་ཀྱི་ཁ་པར་བཏང་སྟེ་རིན་པོ་ཆེ་ཁོང་གཅིག་པུ་གསང་བའི་ལས་ཁུངས་ལ་ཡོང་དགོས་པའི་བཙན་བཀའ་པར་བརྟེན། རིན་པོ་ཆེ་ཁོང་ཕེབས་བྱོལ་ཐེངས་གཉིས་པ་གནང་སྟེ། རི་མགོར་ཟླ་ ༦ དང་ཉིན་ ༡༠ རིང་གསང་སྟབས་ཀྱིས་བཞུགས་དགོས་བྱུང་སྟབས། ས་གནས་མང་ཚོགས་ཁྲི་ ༤ ལྷག་གིས་ས་རྟགས་བསྡུ་རུབ་ཀྱིས། རིན་པོ་ཆེ་ཁོང་གིས་ས་གནས་མི་མང་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་པའི་མཛད་རྗེས་རྣམས། པེ་ཅིན་དང་ཞིང་ཆེན་རིམ་པའི་སྲིད་གཞུང་ལ་ཞུ་འབུལ་བྱས་པར་བརྟེན་ནས་ཕྱིར་དགོན་པར་ཕེབས་ཐུབ་པ་བྱུང་ཡོད་ཀྱང་། ༢༠༠༢ ལོར་ས་གནས་རྒྱ་གཞུང་གིས་འགས་གཏོར་དོན་རྐྱེན་ལ་ཁ་གཡར་ཏེ། ཉེས་མེད་ཉེས་འདོགས་ཀྱིས་རིན་པོ་ཆེ་ཁོང་དྲང་བདེན་མ་ཡིན་པའི་ཁྲིམས་བཅད་དེ། ད་ལྟའི་ཆར་མུ་མཐུད་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་གནས་ཡོད་པ་རེད།