ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་ཀྱི་དངོས་མྱངས་འགྲེལ་བརྗོད།

ཉེས་མིང་དང་དུས་བཀག་སོགས་གསལ་བའི་བཙོན་ཁང་གི་ཀློད་གྲོལ་དཔང་ཡིག
ཉེས་མིང་དང་དུས་བཀག་སོགས་གསལ་བའི་བཙོན་ཁང་གི་ཀློད་གྲོལ་དཔང་ཡིག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་ཡར་ལངས་ངོ་རྒོལ་རིམ་པར་བྱུང་པ་ལྟར། ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་དང་། ཁོང་གི་སྤུན་མཆེད་ཉི་ཟླ་བཟང་པོ་ལགས་གཉིས་ནས་ཀྱང་།  ཞི་བའི་སྐད་འབོད་གནང་བར་བརྟེན་ནས།  རྒྱ་གཞུང་གིས་འཇུ་བཟུང་ཉེས་རྡུང་རིམ་པར་བཏང་མཐར། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༧ ཚེས་ ༡༦ ཉིན། ༼རྒྱལ་ཁབ་ཁ་བྲལ་གྱི་ངལ་སྐུལ་བྱས་པའི༽ཉེས་མིང་འོག  ཁོང་ལ་ལོ་ ༢ དང་ཟླ་ ༦ ཁྲིམས་ཐག་དང་། ཁོང་གི་སྤུན་མཆེད་ལ་ལོ་ ༢ ཁྲིམས་བཅས་བཅད་དེ།  ཟི་ཁྲོན་ཏིག་ཡཱང་བཙོན་ཁང་ནང་བཙོན་འཇུག་མནར་གཅོད་ཀྱིས་བསྒྱུར་བཀོད་བཏང་མཐར།   ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་བཙོན་འཇུག་དུས་ཡིན་རྫོགས་ནས་ཟི་ཁྲོན་ཏིག་ཡཱང་བཙོན་ནས་ཀློད་དེ་ཕྱིར་རང་ཡུལ་དུ་ལོག་རྗེས།  དཀར་མཛེས་རྫོང་གསེར་མཁར་ཞིང་གིས་ཁོང་བཟང་བཙོན་འོག  ལོ་ ༢ ཀྱི་ཆབ་སྲིད་ཐོབ་ཐང་བཙན་འཕྲོག་གི་བཀག་སྡོམ་སློབ་སྐུལ་དུས་ཡུན་ལག་བསྟར་བྱས་ཡོད་པ་དང་། ༢༠༡༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་བཀག་སྡོམ་སློབ་སྐུལ་གྱི་དུས་ཡུན་རྫོགས་ཏེ།  དཀར་མཛེས་རྫོང་ཁྲིམས་སྲིད་སྡེ་ཁག་གསེར་མཁར་ཡན་ལག་ཁྲིམས་སྲིད་ཁང་ནས།  ཁོང་གི་བཀག་སྡོམ་སློབ་སྐུལ་གྱི་བཟང་བཙོན་དུས་ཡིན་རྫོགས་ནས་ཀློད་གྲོལ་བཏང་ཡོད་པ་རེད།

 

ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས། བཙོན་འཇུག་དུས་བཀག་རྫོགས་ཏེ་ཀློད་གྲོལ་ཐོབ་རྗེས།  བྲོས་བྱོལ་གྱིས་ཉེ་ཆར་རྒྱ་གར་དྷ་རམ་ས་ལར་ཆབ་སྲིད་སྐྱབས་བཅོལ་དུ་འབྱོར་ཡོད་པ་རེད། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཁོང་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གསེར་མཁར་ཤང་གི་ཡུལ་མི་ཡིན་པ་དང་། ཆུང་དུས་སུ་ཤང་སློབ་ཆུང་ནང་འཛིན་རིམ་དྲུག་པའི་བར་སློབ་གཉེར་བྱས་རྗེས། རང་ལོ་ ༡༧ སྟེང་གསེར་མཁར་ཤང་ཁོངས་སུ་ཡོད་པའི་ས་སྐྱ་ཉ་བྲག་དགོན་པའི་ཆོས་སྒོར་ཞུགས་ཏེ་ནང་བསྟན་རིག་གནས་ལ་སློབ་གཉེར་གནང་ཡོད་པ་རེད། ད་ལྟ་ཁོང་རང་ལོ་ ༢༥ ཡིན་པ་དང་།  ཁོང་གི་ནང་མའི་འཚོ་རྟེན་གཙོ་བོ་ནི་ཞིང་ལས་ཡིན་འདུག

ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་ཀྱིས་འདི་ག་ལྟེ་གནས་ཁང་ལ། རྒྱ་གཞུང་གིས་ཁོང་ཉིད་འཇུ་བཟུང་བཙོན་འཇུག་བྱས་པའི་བརྒྱུད་རིམ་འགྲེལ་བརྗོད་བྱས་པ་ལྟར་ན།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༡ ཉིན། ཕ་ཡུལ་དཀར་མཛེས་རྫོང་གསེར་མཁར་ཤང་ནས་ཡིན་པའི་མགོན་པོ་འཕྲིན་ལས་དང་། ཁོང་གི་སྤུན་མཆེད་ཉི་ཟླ་བཟང་པོ་གཉིས་ཀྱིས་དཀར་མཛེས་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་གཡས་གཡོན་གྱི་མི་ཚོགས་ཁྲོད་ནས།  ༼༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་རང་དབང་རང་བཙན་ཡིན། ༽ཞེས་སྐད་འབོད་བྱེད་ཞོར་ཡིག་ཆ་བཀྲམས་ཏེ་ཆུ་ཚོད་སྐར་མ་འགའི་རྗེས།  དྲག་ཆས་ཉེན་རྟོག་དམག་མི་ཕོན་ཆེན་འབྱོར་ཏེ་ཁོང་གཉིས་ལ་རྡུང་རྡེག་དྲག་པོ་གཏོང་ཞོར་རྫོང་བཀག་ཉར་ཁང་དུ་བཙན་འཁྲིད་བྱས་པ་དང་། ཉིན་དེའི་དགོང་མོ་ཆུ་ཚོད་ ༤ ཙམ་གྱི་རིང་ལ་ཉེན་རྟོག་པ་ཁག་ཅིག་གིས་ཁོང་གཉིས་ལ། ༼སྐད་འབོད་བྱེད་དགོས་པའི་སྐུལ་སློང་བྱེད་མཁན་སུ་ཡིན།  དངུལ་ག་ཚོད་སྤྲད་བྱུང་། ༽སོགས་ཀྱི་དྲི་བ་བཏོན་ཏེ། ཁོང་གཉིས་ཀྱི་རྒྱབ་ལོག་ན་སྐུལ་སློང་བྱེད་མཁན་ཡོད་མེད་ཐད་དུས་ཡུན་ཆུ་ཚོད་གཉིས་རིང་ཉེས་རྡུང་ཚ་འདྲི་བཏང་ཡོད་པ་རེད།

 

དེ་རྗེས་ཁོང་གཉིས་སླར་ཡང་ཁང་མིག་ཁ་ཁའི་ནང་བཅུག་སྟེ་ཟླ་གཅིག་ཙམ་རིང་ཉིན་རྒྱུན་འདྲི་བརྩད་ཉེས་རྡུང་བཏང་ཡོད་ཀྱང་། ཉེན་རྟོག་པ་ཚོར་གནས་ཚུལ་གཞན་གང་ཡང་མ་རེག་སྟབས།  ཟླ་རེར་འདྲི་བརྩད་ཐེངས་རེ་བྱེད་བཞིན་བཀག་སྐྱིལ་ཁང་ནང་ཟླ་དྲུག་ཙམ་ཕྱིན་རྗེས། དེ་གར་ཡོད་པའི་ཆབ་སྲིད་བཙོན་པ་ ༡༥ དང་ལྷན་དུ་དམག་མིའི་རླངས་འཁོར་ནང་བླུགས་ཏེ། དཀར་མཛེས་རྫོང་ཐོག་ཏུ་ཁྲོམ་སྐོར་གྱིས་ཉེས་ཅན་པར་རྡུང་རྡེག་ཚ་ནན་གཏོང་དགོས་ཚུལ་དྲིལ་བསྒྲགས་བྱས་མཐར།  ཡང་བསྐྱར་ཁོང་དང་ཁོང་གི་སྤུན་མཆེད་གཉིས་ཚུད་པའི་ཆབ་སྲིད་བཙོན་པ་ ༩ དར་རྩེ་མདོའི་བཀག་ཉར་ཁང་དུ་སྤོ་སྐྱེལ་གྱིས་ཟླ་གསུམ་རིང་བཀག་བསྐྱིལ་བྱས་ཡོད་པ་རེད།

 

ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༦ ཉིན་ས་གནས་ཁྲིམས་ཞིག་གིས་༼རྒྱལ་ཁབ་ཁ་བྲལ་གྱི་ངལ་སྐུལ་བྱས་པའི་༽ཉེས་མིང་འོག  མགོན་པོ་འཕྲིན་ལས་ལགས་ལ། ལོ་ ༢ དང་ཟླ་ ༦ དུས་བཀག་བཙོན་འཇུག་དང་། ཆབ་སྲིད་ཁེ་དབང་ལོ་ ༢ ལ་བཙན་འཕྲོག   ཁོང་གི་སྤུན་མཆེད་ཉི་ཟླ་བཟང་པོ་ལགས་ལ། ལོ་ ༣  གྱི་དུས་བཀག་བཙོན་འཇུག་བཅས་བཅད་པ་མ་ཟད།  སྐབས་དེར་ཁོང་གཉིས་དང་མཉམ་དུ་གཞན་པའི་ཆབ་སྲིད་བཙོན་པ་མི་ ༩ ལའང་ལྕི་ཤོས་ལོ་ ༦ དང་ཡང་ཤོས་ ༢ བཅས་ཀྱི་ཁྲིམས་ཐག་བཅད་རྗེས།

ཁོང་གཉིས་དང་གཞན་པའི་ཆབ་སྲིད་བཙོན་པ་ ༩ ལྷག   རྒྱ་ནག་ཟི་ཁྲོན་ཏིག་ཡཱང་བཙོན་ཁང་དུ་སྤོ་སྐྱེལ་གྱིས་བཙོན་འཇུག་བསྒྱུར་བཀོད་ཀྱིས་མནར་གཅོད་བཏང་ཡོད་འདུག

 

བཙོན་ཁང་དང་བཀག་སྡོམ་སློབ་སྐུལ་དུས་བཀག་སོགས་ནས་རིམ་པར་གློད་པའི་འཛིན་ཡིག་ཁག
བཙོན་ཁང་དང་བཀག་སྡོམ་སློབ་སྐུལ་དུས་བཀག་སོགས་ནས་རིམ་པར་གློད་པའི་འཛིན་ཡིག་ཁག

ཏིག་ཡཱང་བཙོན་ཁང་རྟེན་གཞིའི་ས་ཁུལ་ནི་ཟི་ཁྲོན་ཞིང་ཆེན་ཏིག་ཡཱང་གྲོང་ཁྱེར་ཧུང་ཤཱི་གྲོང་རྡལ་ཡིན་པ་དང་།

ཁྲིན་ཏུའུ་གྲོང་ནས་ཆུ་ཚོད་གཉིས་མཚམས་སུ་ཡོད་པ་རེད། བཙོན་ཁང་དེའི་ནང་བཙོན་པ་ ༢༧༠༠ ལྷག་ཡོད་པ་དང་། བཙོན་ཁང་གི་རུ་ཁག་གཅིག་གི་ནང་དུ་བཙོན་པ་མི་གྲངས་ ༣༠༠ ལྷག་ཡོད་པ་རེད།

བཙོན་ཁང་དེའི་ནང་བོད་རིགས་ཆབ་སྲིད་བཙོན་པ་ ༤༣ ལྷག་ཡོད་ཀྱང་། བོད་རིགས་སྲིད་བཙོན་པ་དེ་དག་ཀྱང་བཙོན་ཁང་གི་རུ་ཁག་སོ་སོའི་བགོ་འགྲེམས་བྱས་ཡོད་སྟབས། བཙོན་ཁང་ན་བོད་མི་ཕན་ཚུན་བར་འབྲེལ་གཏུགས་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད་འདུག མགོན་པོ་འཕྲིན་ལས་དང་ཁོང་གི་རོགས་པ་ཁག་ཅིག་རུ་ཁག་གསུམ་པར་བགོས་ཡོད་པ་དང་། དེ་མིན་རོགས་པ་གཞན་ཚོ་རུ་ཁག་གཞན་དག་ཁྲོད་ཆ་བགོས་བྱས་ཡོད་པ་རེད།  རུ་ཁག་གསུམ་པའི་ནང་ཁྱོན་བསྡོམས་བོད་རིགས་སྲིད་བཙོན་པ་དྲུག་ཙམ་ཡོད་པ་དང་། ཁོང་ཚོའི་ཉིན་རེའི་ལས་ཀ་གཙོ་བོ་ཆུ་ལྷམ་བཟོ་རྒྱུ་དེ་ཡིན་འདུག ཞོགས་པ་ཆུ་ཚོད་ ༨ ནས་དགོང་མོ་ཆུ་ཚོད་ ༥ བར་ཉིན་གུང་ཟ་མ་བཟའ་བའི་དུས་ཚོད་ཕུད། དེ་མིན་ངལ་གསོ་མེད་པར་ཉིན་གང་ལས་ཀ་བྱེད་དགོས་པ་དང་། ཉིན་རེའི་ལས་ཀའི་ཚད་གཞི་མ་ལོན་ཚེ་ཆུ་ཚོད་གཉིས་ཙམ་རིང་ལངས་བཅུག་པ་སོགས་མནར་གཅོད་གཏོང་གི་ཡོད།  ལྷག་པར་བོད་རིགས་བཙོན་པ་ཚོར་དམ་དྲག་ཤུགས་ཆེན་པོ་བྱས་ཏེ། བོད་མི་བཙོན་པ་རེ་ལ་རྒྱ་མི་བཙོན་པ་བཞི་རེ་ལྟ་རྟོགས་བྱེད་མཁན་དུ་བཞག་ཡོད་པ་རེད།

 

དེ་མིན་བཙོན་ཁང་ནང་ལྟོ་བཅོས་ཀྱི་གནས་སྟངས་སྐྱོ་བོ་ཡོད་འདུག ཁོང་ཚོའི་ཉིན་རེའི་ཟ་མར་མཚོན་ན། ཞོགས་པ་ཀྲིན་མོག་གཅིག་དང་འབྲས་ཐུག་ཉུང་ཙམ་ཞིག་དང་། ཉིན་གུང་འབྲས་དང་ཚལ་ལྟོ་བ་འགྲངས་ཙམ། དགོང་མོ་འབྲས་ཚལ་ཕྲན་བུ་ཞིག་བཅས་ལས་མེད་པ་དང་། ཉིན་ལྟར་ཆུ་ཚོད་གཅིག་རིང་རྒྱ་གཞུང་གི་གསར་འགྱུར་བལྟ་བཅུག་རྗེས། གསར་འགྱུར་གྱི་བརྗོད་གཞིར་བཞག་སྟེ་བཙོན་སྲུང་བས་བཙོན་པ་ཚོར་སློབ་གསོ་རྒྱག་གི་ཡོད་པ་རེད། དེ་བཞིན། ཟླ་རེའི་ནང་བཙོན་པ་རྣམས་སོ་སོའི་ནང་མིར་ཐུགས་འཕྲད་སྐབས། བཙོན་ཁང་ནང་ཕན་ཚུན་ཁ་པར་བརྒྱུད་དེ་སྐད་ཆ་སྐར་མ་བཅུ་གྲངས་ཤིག་ལ་མ་གཏོགས་སྐད་ཆ་བཤད་ཆོག་གི་མེད་ལ། ཕན་ཚུན་སྐད་ཆ་བཤད་སྐབས་ཀྱང་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

 

ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་མགོན་པོ་འཕྲིན་ལས་ལགས་ཀྱི་བཙོན་དུས་རྫོགས་ཏེ་ཀློད་གྲོལ་ཐོབ་ནས་དགོན་པར་ཕྱིར་ལོག་བྱེད་སྐབས། དགོན་པའི་གྲྭ་མང་དང་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་གནང་ཡོད་པ་རེད། དེ་རྗེས་ས་གནས་ཉེན་རྟོག་པ་བསླེབས་ནས་ཁོང་ལ་དགོན་པར་འཛུལ་བཞུགས་མི་ཆོག་པ་མ་ཟད། དཀར་མཛེས་རྫོང་ཐོག་ཏུའང་འགྲོ་མི་ཆོག་པར་སོ་སོའི་ས་གནས་སུ་སྡོད་དགོས་པའི་དམ་དྲག་བཀག་སྡོམ་བྱས་ཐོག   ཟླ་རེར་ས་གནས་ཉེན་རྟོག་ལས་ཁུངས་སུ་ཉིན་རེར་ལས་ཀ་ཅི་བྱས་སྙན་གསེང་ཞུ་བར་ཐེངས་བཞི་ཙམ་འགྲོ་དགོས་པ་དང་། རྫོང་ཉེན་རྟོག་ལས་ཁུངས་སུ་ཟླ་རེར་ཐོ་འགོད་བྱེད་པར་ཐེངས་རེར་འགྲོ་དགོས་པ་སོགས། ལོ་གཉིས་ཙམ་རིང་སྡོད་བསོད་བྲལ་བའི་ལྟ་རྟོགས་བསུན་བཙིར་འོག་འདུག་དགོས་བྱུང་ཡོད་སྟབས། གསང་སྟབས་ཡུལ་བྱོལ་གྱིས་གསེར་རྟ་དང་སྡེ་དགེ་དགོན་སོགས་སུ་གནས་སྐོར་དང་ཆབས་ཅིག་སློབ་གཉེར་བྱས་གནང་སྟེ་སྡོད་དགོས་བྱུང་མཐར།  ཕྱི་ལོ་ ༢༠༡༤ ཟླ་ ༦ པ་ནས་ས་ཆ་གང་སར་བྲོས་བྱོལ་ཕྱོགས་བསྐྱོད་ཀྱིས་མཐར་བལ་ཡུལ་དུ་འབྱོར་ཐུབ་པ་བྱུང་བ་དང་། ཕྱི་ཟླ་ ༨ ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་སའི་དབུས་སྣེ་ལེན་ཁང་དུ་སྐྱབས་བཅོལ་ལ་འབྱོར་ཡོད་པ་རེད།

 

མགོན་པོ་འཕྲིན་ལས་ལགས་ཀྱི་མིང་འདོན་བྱས་པའི་ཏིག་ཡཱང་བཙོན་ཁང་ནང་གི་བོད་མི་སྲིད་བཙོན་པ་དག་གི་མིང་གཞུང་།

 

གཅིག  ད་ལྟ་ཏིག་ཡཱང་བཙོན་ཁང་ནང་མུ་མཐུད་བཙོན་འཇུག་འོག་ཡོད་མཁན་རྣམས།

 

༡༽འགྱུར་མེད་འཕྲིན་ལས། ཕ་ཡུལ་མཚོ་སྔོན།  གསེར་རྟ་བླ་རུང་དགོན་གྱི་གྲྭ་པ།  ཁྲིམས་ཆད་ ༡༠། ༢༠༠༨  ལོར་འཇུ་བཟུང་།  ད་ལྟ་བཙོན་ཁང་ནང་ཡོད། ༢༽དངོས་གྲུབ་ཕུན་ཚོགས།  ཕ་ཡུལ་དཀར་མཛེས་རྫོང་གསེར་ཤུལ་ཤང་། ད་ལྟ་རང་ལོ་ ༥༦། ༢༠༠༨ ་ལོར་དཀར་མཛེས་རྫོང་དུ་སྐད་འབོད་དང་པོ་བྱེད་མཁན། ཁྲིམས་ཆད་ལོ་ ༨ །  ད་ལྟ་བཙོན་ཁང་ནང་ཡོད།

༣༽དཔལ་ལྡན་བཀྲིས། རང་ལོ་ ༢༥ ། དཀར་མཛེས་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༧ ། ༢༠༠༨ ལོར་འཇུ་བཟུང་། ད་ལྟ་བཙོན་ཁང་ནང་ཡོད།

༤༽ཉི་མ་གྲགས་པ། རང་ལོ་ ༤༠ ། ཕ་ཡུལ་རྟུའུ་རྫོང་།  མི་སྐྱ།  ཁྲིམས་ཆད་ ༡༢ །  ༢༠༠༨ ལོར་འཇུ་བཟུང་བྱས། ད་ལྟ་བཙོན་ཁང་ནང་ཡོད།

༥༽བསོད་ནམས་མགོན་པོ། རང་ལོ་ ༣༥ ། ཕ་ཡུལ་ཉག་རི་རྫོང་། མི་སྐྱ།   ཚེ་བཙོན། ༢༠༠༩ ལོར་འཇུ་བཟུང་།  ད་ལྟ་བཙོན་ཁང་ནང་ཡོད།

༦༽པད་མ་ཡེ་ཤེས། རང་ལོ་ ༣༨ ། ཕ་ཡུལ་ཉག་རི་རྫོང་། ལོ་གཉིས་སྲོག་ཐོག་ནས་ཚེ་བཙོན་དུ་ཕབ། ༢༠༠༩ ལོར་འཇུ་བཟུང་། ད་ལྟ་བཙོན་ཁང་ནང་ཡོད།

༧༽ཚེ་དབང་རྒྱ་མཚོ། རང་ལོ་༤༠ ། ཕ་ཡུལ་ཉག་རི་རྫོང་། ཁྲིམས་ཆད་ལོ་ ༡༦ །  ༢༠༠༩ ལོར་འཇུ་བཟུང་། ད་ལྟ་བཙོན་ཁང་ནང་ཡོད།

༨༽ལྷག་པ་ཚེ་རིང་། རང་ལོ་ ༤༣ ། ཕ་ཡུལ་དཀར་མཛེས་རྫོང་། མི་སྐྱ། ཁྲིམས་ཆད་ལོ་ ༧ །  ༢༠༠༨ ལོར་འཇུ་བཟུང་། ད་ལྟ་བཙོན་ཁང་ནང་ཡོད།

༩༽ལྷུན་གྲུབ། ཕ་ཡུལ་ལི་ཐང་རྫོང་། གྲྭ་པ། ཁྲིམས་ཆད་ལོ་ ༧ ། ༢༠༠༩ ལོར་འཇུ་བཟུང་། ད་ལྟ་བཙོན་ཁང་ནང་ཡོད།

༡༠༽བསོད་ནམས་བསྟན་པ། ཕ་ཡུལ་ལི་ཐང་རྫོང་། ཁྲིམས་ཆད་ལོ་ ༧ །  ༢༠༠༩ ལོར་འཇུ་བཟུང་། ད་ལྟ་བཙོན་འཇུག་ནང་ཡོད།

 

གཉིས།  ད་ལྟ་བཙོན་ཁང་ནས་བཙོན་འཇུག་དུས་བཀག་རྫོགས་ཏེ་གློད་ཟིན་པ་རྣམས།

 

༡༽བཟང་པོ། དཀར་མཛེས་མདའ་མདོ་ཐོག་དགོན་པའི་གྲྭ་པ།  ཁྲིམས་ཆད་ལོ་ ༦ ། ༢༠༠༨ ལོར་འཇུ་བཟུང་། ༢༽ཚེ་དབང་གྲགས་པ། གསེར་རྟ་བླ་རུང་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༥ ། ༢༠༠༨ ལོར་འཇུ་བཟུང། ༣༽ཀརྨ་ཚེ་མཚོ། ཕ་ཡུལ་ཡུལ་ཤུལ། གསེར་རྟ་བླ་རུང་གི་གྲྭ་པ། ཁྲིམས་ཆད་ལོ་ ༣ ། ༢༠༠༨ ལོར་འཇུ་བཟུང་།

༤༽ཐུབ་བསྟན་རྒྱ་མཚོ། ཕ་ཡུལ་དར་མདོ་རྫོང་། གསེར་རྟ་བླ་རུང་དགོན་གྱི་གྲྭ་པ། ཁྲིམས་ཆད་ ༤ ། ༢༠༠༨ ལོར་འཇུ་བཟུང་།

༥༽ཡེ་ཤེས། ཕ་ཡུལ་དཀར་མཛེས་རྫོང་གསེར་མཁར་ཤང་། བི་རུ་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༣ ། ༢༠༠༨ ལོར་འཇུ་བཟུང་།

༦༽བློ་བཟང་དགེ་ལེགས། བི་རུ་དགོན་པའི་གྲྭ་པ། ཁྲིམས་ཆད་ལོ་ ༤ ། ༢༠༠༨ ལོར་འཇུ་བཟུང་།

༧༽བློ་བཟང་དོན་ཡོད། ཕ་ཡུལ་སྡེ་དགེ་རྫོང་། གེ་སར་དགོན་པའི་གྲྭ་པ། ཁྲིམས་ཆད་ལོ་ ༦། ༢༠༠༨ ལོར་འཇུ་བཟུང་།

༨༽བཀྲིས་རྒྱ་མཚོ། གེ་སར་དགོན་པའི་གྲྭ་པ། ཁྲིམས་ཆད་ལོ་ ༣ ། ༢༠༠༨ ལོར་འཇུ་བཟུང་།

༩༽ཡེ་ཤེས་རྡོ་རྗེ། ཕ་ཡུལ་དཀར་མཛེས་རྫོང་། མཁར་ནང་དགོན་པའི་གྲྭ་པ། ཁྲིམས་ཆད་ལོ་ ༤ ། ༢༠༠༨ ལོར་འཇུ་བཟུང་།

༡༠༽བློ་བཟང་ཆོས་རྒྱལ། ཕ་ཡུལ་དཀར་མཛེས་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༥ ། ༢༠༠༨ ལོར་འཇུ་བཟུང་། ༡༡༽བློ་བཟང་བསྟན་པ། དཀར་མཛེས་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༥ ། ༢༠༠༨ ལོར་འཇུ་བཟུང་། ༡༢༽དཀོན་ཅོག་སྐྱབས། ཕ་ཡུལ་དཔལ་ཡུལ་རྫོང་། གྲྭ་པ། ཁྲིམས་ཆད་ལོ་ ༢ ། ༢༠༠༨ ལོར་འཇུ་བཟུང་།

༡༣༽བླ་མ་སྐྱབས། ཕ་ཡུལ་དཔལ་ཡུལ་རྫོང་། གྲྭ་པ། ཁྲིམས་ཆད་ལོ་ ༢ །  ༢༠༠༨ ལོར་འཇུ་བཟུང་།

༡༤༽བཀྲ་རྒྱ། ཕ་ཡུལ་དཔལ་ཡུལ་རྫོང་། གྲྭ་པ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།

༡༥༽ཚེ་རིང་བསམ་གྲུབ། ཕ་ཡུལ་དཔལ་ཡུལ་རྫོང་། གྲྭ་པ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་། ༡༦༽བྱམས་པ་བསོད་ནམས། ཕ་ཡུལ་དཀར་མཛེས་རྫོང་། ཁང་རྨར་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༤ །  ༢༠༠༨ ལོར་འཇུ་བཟུང་།

༡༧༽ཡེ་ཤེས་དར་རྒྱས། ཁང་རྨར་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༤ །  ༢༠༠༨ ལོར་འཇུ་བཟུང་།

༡༨༽བུ་དགའ། ཕ་ཡུལ་གོ་འཇོ་ས་ངན། གསེར་རྟ་བླ་རུང་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༦ །  ༢༠༠༨ ལོར་འཇུ་བཟུང་།

༡༩༽དབུ་རྒྱན་ཚེ་དབང་། ཕ་ཡུལ་ལི་ཐང་། ཁྲིམས་ཆད་ལོ་ ༢ དང་ཕྱེད་ཀ  ༢༠༠༨ ལོར་འཇུ་བཟུང་།

༢༠༽བློ་བཟང་རྡོ་རྗེ། ཕ་ཡུལ་བྲང་གོ་རྫོང་། ཁྲིམས་ཆད་ལོ་ ༦ །  ༢༠༠༨ ལོར་འཇུ་བཟུང་། ༢༡༽སྐལ་བཟང་རྡོ་རྗེ། ཕ་ཡུལ་དཀར་མཛེས་རྫོང་། ཁྲིམས་ཆད་ལོ་ ༤ །  ༢༠༠༨ ལོར་འཇུ་བཟུང་།

༢༢༽བྱམས་པ་བློ་གྲོས། དཀར་མཛེས་རྫོང་བི་རུ་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།

༢༣༽བློ་བཟང་ནད་མེད། ཕ་ཡུལ་སྡེ་དགེ་རྫོང་། མི་སྐྱ། ཁྲིམས་ཆད་ལོ་ ༢ དང་ཕྱེད་ཀ  ༢༠༠༨ ལོར་འཇུ་བཟུང་། ༢༤༽བསོད་བྷ། དགེ་སྡེ་གེ་སར་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༥ །  ༢༠༠༨ ལོར་འཇུ་བཟུང་།

༢༥༽འཇམ་དབྱངས་ཆོས་འཕེལ། གེ་སར་དགོན་གྱི་གྲྭ་པ།  ཁྲིམས་ཆད་ལོ་ ༥ །  ༢༠༠༨ ལོར་འཇུ་བཟུང་།

༢༦༽བྱམས་པ་ལྷུན་གྲུབ། གེ་སར་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༤ །  ༢༠༠༨ ལོར་འཇུ་བཟུང་། ༢༧༽དགྲ་འདུལ། ཕ་ཡུལ་དཀར་མཛེས་རྫོང་། མི་སྐྱ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་། ༢༨༽མི་འགྱུར། གསེར་རྟ་བླ་རུང་དགོན་གྱི་གྲྭ་པ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།

༢༩༽འཇིག་དགའ། ཕ་ཡུལ་དཀར་མཛེས་རྫོང་། མི་སྐྱ། ཁྲིམས་ཆད་ལོ་ ༢ དང་ཕྱེད་ཀ  ༢༠༠༨ ལོར་འཇུ་བཟུང་།

༣༠༽དབང་ལུ། ཕ་ཡུལ་དཀར་མཛེས་། མི་སྐྱ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།  ༣༡༽ངག་དབང་བསོད་ནམས། ཕ་ཡུལ་དཀར་མཛེས་རྫོང་། མི་སྐྱ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།

༣༢༽ཐར་ཕྱོགས། ཕ་ཡུལ་གསེར་རྟ། ཁྲིམས་ཆད་ལོ་ ༢ །  ༢༠༠༨ ལོར་འཇུ་བཟུང་།

༣༣༽དབུང་རྒྱན་རྣམ་རྒྱལ། ཕ་ཡུལ་གསེར་རྟ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་། ༣༤༽ཉི་ཟླ་བཟང་པོ། ཕ་ཡུལ་དཀར་མཛེས་རྫོང་། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།

༣༥༽ཚེ་དབང་རིག་འཛིན། ཕ་ཡུལ་རྟའུ་རྫོང་། མི་སྐྱ། ཁྲིམས་ཆད་ལོ་ ༣ །  ༢༠༠༨ ལོར་འཇུ་བཟུང་།

to top