ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་རྒྱ་གཞུང་གི་མནར་གཅོད་འོག་འདས་གྲོངས་ཕྱིན་འདུག

རྒྱ་གཞུང་གིས་མནར་གཅོད་ཚད་མེད་བཏང་སྟེ་འཆི་ལམ་དུ་བསྐྱལ་རྗེས། བཙོན་ཁང་ནང་འདས་གྲོངས་འགྲོ་བའི་ནག་ཉེས་ལ་གཡོལ་ཆེད། བཙོན་འཇུག་དུས་བཀག་མ་རྫོགས་པར་ཟླ་འགའི་སྔོན་ལ་ཕྱིར་གློད་ཟིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རང་ཁྱིམ་དུ་འདས་གྲོངས་ཕྱིན་ཡོད་འདུག

རྒྱ་གཞུང་གི་ནར་གཅོད་འོག་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས།
རྒྱ་གཞུང་གི་ནར་གཅོད་འོག་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་རྨ་ཆུ་དབལ་པན་ཡུལ་ཚོའི་སྒོ་ཤུལ་བློ་བཟང་ལགས། རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་གསོན་རེ་མེད་པ་བཟོས་མཐར། བཙོན་ཁང་ནང་འདས་གྲོངས་ཕྱིན་པའི་ཉེས་མིང་ལ་གཡོལ་ཆེད། སྔར་ལོའི་ལོ་མཇུག་ཙམ་ལ་ནང་མིར་རྩིས་སྤྲོད་ཀྱིས་ཕྱིར་གློད་ཡོད་ཀྱང་། ཕྱིར་སོ་སོའི་ནང་ལ་ལོག་རྗེས་ཟླ་བཞི་ལྷག་ལ་མ་གཏོགས་འཚོ་བཞུགས་མ་ཐུབ་པར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་རང་ཁྱིམ་དུ་འདས་གྲོངས་ཕྱིན་ཡོད་འདུག

ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་རྒྱབ་ལྗོངས་གནས་ཚུལ་ནི།  ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་རྒོལ་བྱུང་ཡོད་པ་ལྟར།  བོད་མདོ་སྨད་རྨ་ཆུ་རྫོང་དབལ་པན་ཡུལ་ཚོའི་ཞི་བའི་ངོ་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་བཀལ་ཏེ་རྒྱ་གཞུང་གིས་འཇུ་བཟུང་བྱ་རྩིས་བྱས་པར་བརྟེན། སྐབས་དེར་ཁོང་ས་གནས་ཡར་མར་དུ་ཉེན་ཡོལ་བྲོས་བྱོལ་བྱས་ཡོད་ཀྱང་། མཐར་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༦ ཉིན་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད། དེ་རྗེས་ཟླ་ལྔ་དྲུག་ལྷག་གི་རིང་རྨ་ཆུ་རྫོང་གི་བཙོན་ཁང་ནང་བཀག་ཉར་གྱིས་གཅར་རྡུང་འདྲི་གཅོད་སྣ་ཚོགས་བྱས་མཐར།   ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གཞུང་གིས་ཁོང་ལ་ལོ་ ༡༢ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཏེ། ཀན་སུའུ་ལན་ཀྲིག་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནང་བཙོན་འཇུག་ཐོག   མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཡ་ང་བ་བཏང་བར་མ་ཟད། བཙོན་ཁང་ནང་སྦྲིད་སྨན་དང་ཟུག་འཇོག་དུག་རྫས་འདྲ་མིན་བརྒྱབ་སྟེ། གཟུགས་པོའི་སྟངས་ཉམས་ཞན་དུ་གྱུར་ནས་འཚོ་གནས་ཀྱི་རེ་བ་མེད་པའི་གནས་སྟངས་སུ་བསྐྱལ་རྗེས། རྒྱ་གཞུང་གིས་ཁོང་བཙོན་ཁང་ནས་འདས་གྲོངས་ཕྱིན་པའི་ནག་ཉེས་ལ་གཡོལ་ཆེད།  ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༧ ཉིན་ནང་མིར་སྐད་བཏང་སྟེ།  བཙོན་འཇུག་དུས་ཡུན་མ་རྫོགས་པར་གློད་བཀྲོལ་བཏང་ཡོད་འདུག

རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས།
རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས།

ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ཕྱིར་རང་ཁྱིམ་སླེབས་སྐབས། གཟུགས་པོ་སྐམ་རིད་དུ་གྱུར་ནས་རུས་པར་ཐུག་ཡོད་པ་དང་། འགྲོ་བསྐྱོད་དང་ཟ་འཐུང་ཡང་ཐུབ་ཀྱི་མེད་པ་མ་ཟད། སྐད་ཆ་ཡང་བཤད་ཐུབ་ཀྱི་མེད་པར་གྱུར་ཡོད་པ་རེད། དེ་ལྟར་ཧ་ང་བའི་གནས་སྟངས་འོག་ཁོང་རང་ཁྱིམ་དུ་ཟླ་བཞི་ལྷག་འཚོ་བཞུགས་གནང་མཐར།  ཕྱི་ལོ་ ༢༠༡༤ ཟླ་  ༣ ཚེས་ ༡༩ ཉིན་རང་ཁྱིམ་དུ་སྐུ་གྲོངས་ཡོད་འདུག

སྐུ་གཤེགས་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ནི།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དབལ་པན་ཡུལ་ཚོའི་ཡིན་པ་དང་། ད་ལོ་ཁོང་རང་ལོ་ ༤༣ ཡིན་པ་རེད། དེ་སྔོན་ཕྱི་ལོ་ ༡༩༩༢ ་ལོར་རྒྱ་གར་དུ་ཡོང་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་མྱོང་ཡོད་འདུག ད་ལྟའི་ཆར་ཁོང་གི་ཤུལ་ཏུ་རང་ལོ་ ༤༠ ཡིན་པའི་ཆུང་མ་ཏཱ་རེ་དང་། རང་ལོ་ ༡༨ ཡིན་པའི་བུ་ཡེ་ཤེས། རང་ལོ་ ༡༥ ཡིན་པའི་བུ་མོ་སྒྲོལ་མ་བཅས་ཡོད་འདུག

to top