ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་བཙོན་གྲོལ་བཏང་སྟེ་རང་ཡུལ་དུ་འབྱོར་འདུག

ཆབ་སྲིད་བཙོན་ཟུར་སྐལ་བཟང་བསོད་ནམས་ལགས་གློད་གྲོལ་བཏང་སྟེ་རང་ཡུལ་དུ་འབྱོར་རྗེས་ཀྱི་པར།
ཆབ་སྲིད་བཙོན་ཟུར་སྐལ་བཟང་བསོད་ནམས་ལགས་གློད་གྲོལ་བཏང་སྟེ་རང་ཡུལ་དུ་འབྱོར་རྗེས་ཀྱི་པར།

ཉེ་སྔོན་བཙོན་གྲོལ་བཏང་བའི་བོད་རིགས་རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་འོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་དེ་ཕྱི་ཕྱོགས་སུ་གསལ་འདོན་བྱེད་མཁན་སྐལ་བཟང་བསོད་ནམས་ལགས། གཟའ་མིག་དམར་ཉིན་བཙོན་གྲོལ་བཏང་སྟེ་ཕྱིར་རང་ཡུལ་དུ་འབྱོར་ཡོད་པ་དང་། གཟའ་ལྷག་པའི་ཉིན་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱང་ཆེད་དུ་ཁོང་ལ་འཚམས་འདྲི་བྱེད་དུ་སླེབས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༧ ཉིན། བོད་རིགས་ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་ལགས་ཟི་ལིང་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག ཁོང་ནི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་འོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་དེ་ཕྱི་ཕྱོགས་སུ་གསལ་འདོན་བྱས་པར་བརྟེན་ནས། ཕྱི་ལོ་ ༢༠༠༦ ལོར་རྒྱ་གཞུང་གིས་འཇུ་བཟུང་ཐོག་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་བཀལ་ཏེ་ལོ་ ༡༠ ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ནས། ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ནང་བཙོན་འཇུག་གིས་ད་ལྟའི་བར་མནར་གཅོད་མྱངས་དགོས་བྱུང་ཡོད། ཁྲིམས་བཅད་ལྟར་ན་ཁོང་གི་བཙོན་འཇུག་དུས་ཡུན་ད་དུང་རྫོགས་མེད་ཀྱང་། ལོ་གཅིག་གི་བཙོན་དུས་ཆགས་ཡང་བཏང་བའི་ཐོག་ནས་གློད་གྲོལ་ཐོབ་པ་ཞིག་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པའི་བརྗོད་པ་ལྟར་ན། ཚེས་ ༢༧ ཉིན་ཟི་ལིང་ནས་གློད་གྲོལ་བཏང་རྗེས་ཨ་རིག་ཡུལ་ཚོའི་ཁྲིམས་འཛིན་ལས་ཁུངས་ཀྱི་མི་གཉིས་ལེན་དུ་ཕྱིན་ཏེ། ཞོགས་པའི་ཆུ་ཚོད་ ༩ བའི་སྟེང་ཟི་ལིང་ནས་ལམ་ལ་ཆས་ཏེ་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དུ་མདོ་ལ་རྫོང་དུ་འབྱོར་ཡོད་པ་དང་། དེ་ནས་ཉེན་རྟོག་མི་སྣས་གསང་སྟབས་ཀྱིས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་འདུག

རྩོམ་པ་པོ་སྒྲོལ་མ་སྐྱབས་ཆེད་དུ་སྐལ་བཟང་བསོད་ནམས་གློད་གྲོལ་ཐོབ་པར་འཚམས་འདྲིར་ཕེབས་ཏེ་ཁོང་གཉིས་ལྷན་བཞུགས་ཀྱི་འདྲ་པར།
རྩོམ་པ་པོ་སྒྲོལ་མ་སྐྱབས་ཆེད་དུ་སྐལ་བཟང་བསོད་ནམས་གློད་གྲོལ་ཐོབ་པར་འཚམས་འདྲིར་ཕེབས་ཏེ་ཁོང་གཉིས་ལྷན་བཞུགས་ཀྱི་འདྲ་པར།

ཁོང་གློད་གྲོལ་གཏོང་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཕ་མ་གཉེན་ཉེ་གཙོས་ཡུལ་མི་རྣམས་ཀྱིས་ལམ་བར་དུ་ཁོང་ལ་ཕེབས་སྒུག་བྱས་ཡོད་ཀྱང་། རྒྱ་གཞུང་འབྲེལ་ཡོད་མི་སྣས་ཁོ་ས་ཐག་རིང་པོ་ནས་ཡོང་གི་ཡོད་སྟབས་ལམ་སང་ནང་ལ་འབྱོར་ཐུབ་ཀྱིན་མེད་སྐོར་བརྗོད་དེ་མང་ཚོགས་ལ་མགོ་སྐོར་བཏང་བའི་རྐྱེན་ནས། ས་གནས་མང་ཚོགས་ཀྱི་ཁོང་ཕྱིར་རང་ཡུལ་དུ་འབྱོར་རྒྱུའི་དུས་ཚོད་ཏག་ཏག་ཤེས་རྟོགས་མ་ཐུབ་པར་ཕེབས་ལམ་དུ་བསུ་མ་ཤུགས་ཆེན་པོ་བྱུང་མེད་འདུག ཡིན་ནའང་། ཁོང་ནང་དུ་འབྱོར་བ་ཐོས་རྗེས་ས་གནས་བོད་རིགས་མང་ཚོགས་རྣམས་ཁོང་ལ་འཚམས་འདྲི་བྱེད་དུ་སླེབ་ཀྱིན་ཡོད་པ་དང་། དེ་བཞིན། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱང་ཕྱི་ཚེས་ ༢༨ ཉིན་ཁོང་ལ་འཚམས་འདྲི་བྱེད་ཏུ་སླེབས་ཡོད་འདུག

གཞན་ཡང་། ཕ་ཡུལ་རྭ་རྒྱ་ནས་ཡིན་ཞིང་དེ་སྔོན་སྐལ་བཟང་བསོད་ནམས་ལགས་དང་བཙོན་ཁང་གཅིག་ཏུ་བསྡད་མྱོང་མཁན་ཞིག་གིས་ཁོང་གི་སྐོར་གླེང་སྐབས། ༼ངེད་གཉིས་ཀྱི་ངོ་གདོང་དེ་ལྕགས་དྲ་ཞིག་གི་ཕྱོགས་གཉིས་ནས་ཕན་ཚུན་ལ་ཅེར་བཞིན། དྲ་མིག་ཆུང་ཆུང་དག་ལས་སྐབས་རེ་བཙན་གྱིས་ལག་འཇུ་རེ་བྱེད་མྱོང་། ༽ཅེས་བརྗོད་དེ། སྐལ་བཟང་བསོད་ནམས་ལགས་ཀྱིས་བཙོན་ཁང་ནང་དུའང་། ལྕགས་དྲའི་ཟུར་ཞིག་ནས་དབྱིན་ཡིག་གི་དཔེ་ཆ་ཉར་ཏེ་ལྟ་ཀློག་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་མི་སྣ་གྲགས་ཅན་དག་གི་གསུང་བཏུས་གྱེར་ཀྱི་ཡོད་ལ། ཁོང་གིས་ཨུ་ཚུགས་ཀྱིས་གནས་ལུགས་བཤད་ཕོད་པ་དང་། མ་དགའ་བའི་རྣམ་འགྱུར་སྟོན་ཆེད་མལ་ནས་སྡོད་ཀྱི་ཡོད་འདུག ཁོང་ལ་ནམ་ཡང་ཞིམ་པ་མེད་པའི་སྙིང་སྟོབས་ཤིག་གི་ཁེངས་ནས་ཡོད་པ་མ་ཟད། བཙོན་འོག་དུ་ངལ་རྩོལ་ལས་ཞུགས་དང་ལས་གྲོལ་གང་གི་སྐབས་སུའང་དཔེ་དེབ་ཁུག་མ་གང་ཁུར་ནས་འགྲོ་མཁན་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།  དེ་བཞིན། འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཀྱང་། སྐལ་བཟང་བསོད་ནམས་དང་ཁོང་གཉིས་དེ་སྔོན་བཙོན་འོག་ནས་ཐུག་མྱོང་ཡོད་པ་དང་། ཁོང་ནི་སྙིང་སྟོབས་དང་རུས་པ་སྲ་མོ་ཅན་གྱི་བུ་རྒོད་ཅིག་རེད་ཅེས་ཕྱི་སྡོད་བོད་མི་ཞིག་ལ་བརྗོད་མྱོང་ཡོད་འདུག

རྒྱ་གཞུང་གིས་སྐལ་བཟང་བསོད་ནམས་ལགས་ལ་༼རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས༽གི་ནག་ཉེས་བཙུགས་ཡོད་པ་རེད། སྤྱིར་བཏང་བཙོན་འོག་གི་བཙོན་པ་ཞིག་གི་རེ་སྐུལ་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་དེ་ནི། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་འགེལ་ཐབས་མེད་པའི་གནས་སྟངས་ཞིག་ཆགས་ཡོད། ཡིན་ནའང་། རྒྱ་གཞུང་གི་མི་སྒེར་གྱི་མངོན་འདོད་དང་ཞུ་ཡིག་ཙམ་ཡོངས་བསྒྲགས་བྱས་པ་དེའང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ལ་ངོས་འཛིན་གྱིས་ཁྲིམས་ཆད་གཅོད་བཞིན་ཡོད་པ་རེད། རྒྱ་གཞུང་གི་བྱེད་སྟངས་འདི་རིགས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཆིངས་ཁག་དང་། རྒྱལ་སྤྱི་དང་རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་ལུགས་གང་གི་ངོས་ཐད་ནས་བཤད་ཀྱང་། གཞི་འཛིན་ས་མེད་པའི་ཁྲིམས་འགལ་གྱི་ཉེས་འཛུགས་བྱ་སྤྱོད་འབའ་ཞིག་ཆགས་ཡོད།

སྐལ་བཟང་བསོད་ནམས་བཙོན་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་རྗེས་ཀྱི་ནང་མི་ལྷན་འཛོམས་ཀྱི་འདྲ་པར།
སྐལ་བཟང་བསོད་ནམས་བཙོན་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་རྗེས་ཀྱི་ནང་མི་ལྷན་འཛོམས་ཀྱི་འདྲ་པར།

རྒྱ་གཞུང་གི་ཉེས་ཁྲིམས་དོན་ཚན་ ༡༡༡ པའི་ནང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་ལ། ལོ་ ༥ ཡན་དང་ ༡༠ མན་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་པ་དང་། གནས་སྟངས་ཧ་ཅང་ཛ་དྲག་ཡིན་ཚེ་ལོ་ ༡༠ ཡན་དང་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་དགོས་པ་གསལ་ཡོད།   དེ་སྔོན་ཨ་རིའི་གཞུང་ཚབ་ཁང་ནང་བྲོས་བྱོལ་གྱིས་རྒྱ་གཞུང་གི་གསང་བ་ཕྱིར་བསྒྲགས་བྱ་མཁན། དེ་སྔའི་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་ཝང་ལིས་ཅཱོན་ལའང་ལོ་ ༡༥ བཙོན་འཇུག་ཁྲིམས་ཆད་མ་གཏོགས་བཅད་ཡོད་པ་མ་རེད། རྒྱ་གཞུང་གིས་སྐལ་བཟང་བསོད་ནམས་ལགས་ལ་ལོ་ ༡༠ ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་ལྕི་མོ་བཅད་ཡོད། ཝང་ལིས་ཅཱོན་གྱིས་རྒྱ་གཞུང་གི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་པ་དང་། སྐལ་བཟང་བསོད་ནམས་ལགས་ཀྱིས་བཙོན་པ་ཞིག་གི་རེ་སྐུལ་ཕྱིར་བསྒྲགས་བྱས་པ་གཉིས་ལ་གནམ་ས་ལྟ་བུའི་ཧེ་བག་ཆེན་པོ་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་མི་ཚོས་མི་སྒེར་གྱི་རེ་སྐུལ་ཙམ་ཕྱིར་བསྒྲགས་བྱས་པར་ཡང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ནག་ཉེས་བཙན་འགེལ་གྱིས་ཁྲིམས་ཐག་ལྕི་མོ་གཅོད་བཞིན་པ་འདི་ནི། རྒྱ་གཞུང་གི་བཅའ་ཁྲིམས་ནང་ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་པའི་ཁས་ལེན་དང་རྒྱབ་འགལ་ཆགས་ཡོད་ལ། དངོས་ཡོད་གནས་སྟངས་ཐོག་རྒྱ་གཞུང་གིས་ཁྲིམས་ཀྱི་མདུན་ནས་མི་རིགས་དབྱེ་འབྱེད་བྱེད་བཞིན་པ་གསལ་བོར་མཚོན་ཡོད།

སྐལ་བཟང་བསོད་ནམས་ནི་བོད་མདོ་སྨད་ཨ་རིག་ས་ཆ་ནས་ཡིན་ལ། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དྲག་གནོན་དབང་བསྒྱུར་གྱི་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་འགྲམ་ནག་རུ་ཁག་དྲུག་པའི་ཁོངས་ཡིན་པ་རེད། ཁོང་གི་མིང་གཞན་ལ་གངས་དཔལ་ཞེས་འབོད་ཀྱི་ཡོད་ལ། ད་ལྟ་ཁོང་ལོ་ ༣༤ ཡིན་པ་དང་། ཁོང་ཚང་ལ་བུ་སྤུན་བཞི་ཡོད་པའི་ནང་ནས་ཆེ་བ་ཡིན་འདུག

སྐལ་བཟང་བསོད་ནམས་ལགས་ཆུང་དུས་ནས་བཟུང་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་དུ་གྲྭ་པ་བྱས་ཏེ། ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་སྦྱངས་བ་དང་། བྱས་སུ་སྐུ་འབུམ་དང་རེབ་གོང་རོང་བོ་དགོན་སོགས་སུ་ཕྱིན་ཏེ། བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་སློབ་གཉེར་གནང་ཡོད། དེ་བཞིན། ཟི་ལིང་དུ་མཚོ་སྔོན་སློབ་གསོ་སློབ་གླིང་དུ་དབྱིན་ཡིག་ཟུར་སྦྱོང་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་དུ་འབྱོར་ཏེ་ལོ་གཅིག་ལྷག་རིང་གསོག་སྒར་སློབ་གྲྭར་སློབ་ཞུགས་གནང་རྗེས་ཕྱིར་རང་ཡུལ་བོད་དུ་ལོག་ཡོད་པ་རེད། བོད་དུ་འབྱོར་ནས་དུས་ཡུན་རིང་པོ་མ་ལོན་པར་རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་དེ། ལོ་ངོ་ ༩ ལྷག་ལ་བཙོན་འཇུག་མནར་གཅོད་མྱངས་མཐར་ཉེ་ཆར་བཙོན་གྲོལ་ཐོབ་ཡོད་པ་རེད།

to top