རང་ལོ་ ༥༢ ལ་ཕེབས་པའི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས་མི་ལོ་ཧྲིལ་པོ་ ༡༧ གྱི་བཙོན་དུས་རྫོགས་ཏེ་གློད་གྲོལ་བཏང་ཡོད་འདུག འཇིགས་མེད་རྒྱ་མཚོ་ལགས་གློད་གྲོལ་ཐོབ་ཡོད་ཀྱང་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པ་དང་། ཁོང་བཙོན་ཁང་ནང་དུས་ཡུན་རིང་པོར་ཉེས་རྡུང་མནར་གཅོད་ཕོག་པ་སོགས་ཀྱི་རྐྱེན་པས། ད་ཆ་ཁོང་གི་མིག་གིས་གསལ་པོ་མི་མཐོང་བ་དང་མཁལ་མར་ནད་གཞི་ལྗིད་པོ་ཕོག་པ། དེ་བཞིན་སྙིང་ཁམས་མི་བདེ་བ། གོམ་པ་རྒྱག་དཀའ་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཕྱི་ལོ་ ༢༠༠༩ ཟླ་ ༥ ནང་འཇིགས་མེད་རྒྱ་མཚོ་ལགས་ཀྱི་སྤུན་མཆེད་ཁག་ཅིག་བཙོན་ཁང་ནང་ཁོང་ལ་ཐུག་འཕྲད་སྐབས། ཁོང་གི་མཁལ་མར་ནད་གཞི་ལྗིད་པོ་ཕོག་ཡོད་པ་དང་། ཕར་ཚུར་འགྲོ་བའི་སྐབས་ལུས་སྟོད་སྒུར་སྒུར་བྱས་འགྲོ་གི་ཡོད་པའི་ཛ་དྲག་གནས་ཚུལ་འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ་དང་། ཁོང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གསར་འགོད་གསལ་བསྒྲགས་ཤུགས་ཆེ་ཞིག་གོང་འཁོད་ཟླ་བའི་ནང་སྤེལ་ཡོད་པ་རེད།
འཇིགས་མེད་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཁྲིམས་འགལ་གྱི་ཚོགས་པ་བཙུགས་པ་དང་། དྲིལ་བསྒྲགས་ངན་སྐུལ་བྱས་པ་སོགས་ཀྱི་ཉེས་མིང་འོག་འཇུ་བཟུང་བྱས་ཏེ། རྒུ་རྩ་བལྟ་སྲུང་ཁང་དུ་བཀག་ཉར་ལོ་གཅིག་ཙམ་བྱས་རིང་ཉེས་རྡུང་མནར་གཅོད་འདྲ་མིན་གྱིས་དྲིས་བརྩད་བྱས་མཐར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བོད་རང་བཙན་གྱི་ཁྲིམས་འགལ་ཚོགས་པ་བཙུགས་པ་དང་། དྲིལ་བསྒྲགས་ངན་སྐུལ་བྱས་པ་སོགས་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༡༥ ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་དབང་ཆ་ལོ་ ༥ འཕྲོག་རྒྱུའི་ཁྲིམས་ཐག་བཅད་དེ་གྲ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས།
ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡ དང་ཚེས་ ༤ སོགས་ཀྱི་གྲ་བཞི་བཙོན་ཁང་གི་དོན་རྐྱེན་ཁྲོད་ཆབ་སྲིད་བཙོན་པ་ ༨ དམར་བསད་བཏང་བ་དང། ཆབ་བཙོན་པ་ ༢༧ ཙམ་ལ་ཁྲིམས་བཅད་སྤར་བ། དེ་མིན་ཆབ་སྲིད་བཙོན་པ་མི་ཉུང་བ་ཞིག་ལ་རྨས་སྐྱོན་ཕོག་པའི་ཁྲོད་འཇིགས་མེད་རྒྱ་མཚོ་ལའང་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་རེད། ཕྱི་ལོ་ ༢༠༠༤ ཟླ་ ༣ ནང་ཁོང་གིས་བཙོན་ཁང་ནང་༼༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་༽ཅེས་སྐད་འབོད་བྱས་རྐྱེན། བཙོན་སྲུང་བས་ཁོང་ལ་ཉེས་རྡུང་ཚད་མེད་བཏང་བ་དང་ཕྱིས་སུ་ལོ་གཉིས་དུས་ཡུན་བཙོན་འཇུག་སྤར་ཡོད་པ་རེད།
ཕྱི་ལོ་ ༢༠༠༥ ཟླ་ ༤ ནང་འཇིགས་མེད་རྒྱ་མཚོ་གཙོས་པའི་ཆབ་སྲིད་བཙོན་པ་མི་ཉུང་བ་ཞིག་གྲ་བཞི་བཙོན་ཁང་ནས་ཆུ་ཤུར་བཙོན་ཁང་དུ་སྤོ་སྐྱེལ་བྱས་པའི་སྐབས། འཇིགས་མེད་རྒྱ་མཚོ་ལགས་ནད་གཅོང་ལྟ་བུར་འགྱུར་ཡོད་འདུག ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༢༧ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་རྟོགས་ཞིབ་སྡེ་ཚན་གྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་མན་ཧྥར་ཌི་ནོ་ཝག་(Dr.ManFred Nowak)ལགས་ལྷ་ས་ཆུ་ཤུར་བཙོན་ཁང་དུ་རྟོགས་ཞིབ་གནང་བར་ཕེབས་སྐབས། འཇིགས་མེད་རྒྱ་མཚོ་ལགས་ལ་ཐུག་འཕྲད་བྱུང་ཏེ་བཙོན་ཁང་ནང་དཀའ་ངལ་ཆེ་ཤོས་གང་འཕྲད་ཡོད་མེད་སོགས་དྲིས་སྐབས། ཁོང་གིས་རྒུ་རྩ་བལྟ་སྲུང་ཁང་དུ་ལོ་གཅིག་བཀར་ཉར་བྱས་རིང་ཉེས་རྡུང་མནར་གཅོད་ཚད་མེད་ཕོག་པ་དང་ཁྲིམས་ཆད་ལོ་གཉིས་སྤར་བའི་གནས་སྟངས་སོགས་ཞིབ་ཕྲ་བཤད་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་འཇིགས་མེད་རྒྱ་མཚོ་ལགས་ལ་ཁྲིམས་ཆད་ལོ་གསུམ་སྤར་ཡོད་པ་དང་། ལོ་གཅིག་སྔ་ནུར་གྱི་གློད་གྲོལ་བཏང་བ་སོགས་འགྲེལ་བརྗོད་ཡོང་བཞིན་ཡོད། ཡིན་ནའང་། འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་སྡེ་ཚན་གྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་མན་ཧྥར་ཌི་ནོ་ཝག་(Dr.ManFred Nowak)གིས་འཇིགས་མེད་རྒྱ་མཚོ་ལགས་ལ་ལོ་གཉིས་ཀྱི་ཁྲིམས་ཆད་སྤར་བའི་གནས་ཚུལ་གསལ་བཤད་བྱས་པར་གཞིགས་ན། འཇིགས་མེད་རྒྱ་མཚོ་ལགས་ཀྱི་སྔ་ཕྱི་ཁྲིམས་ཆད་མི་ལོ་ ༡༧ དུས་ཡུན་རྫོགས་ཏེ་གློད་གྲོལ་བཏང་བ་ཞིག་ཡིན་འདུག
ལོ་ཚད་སྤར་ཆག་གནས་ཚུལ་གཅིག་གྱུར་གསལ་ཁ་མ་བྱུང་བའི་བྱུང་རྐྱེན་གཅིག་ནི། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ནང་ཨ་རིའི་སན་ཧྥ་རི་སི་སི་ཀོའོ་ནང་རྟེན་གཞི་བྱས་པའི་རྒྱ་སྐད་ཐོག་༼ཏུས་ཧའ༽ཟེར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ཇོན་ཀམ་(John Kamm)གྱིས་གསལ་བསྒྲགས་ཤིག་ནང་། འཇིགས་མེད་རྒྱ་མཚོས་༼༸གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག་༽ཅེས་སྐད་འབོད་བྱས་པར་མི་ལོ་གསུམ་གྱི་ཁྲིམས་ཆད་སྤར་ཡོད་པ་དང་། འཇིགས་མེད་རྒྱ་མཚོའི་བཙོན་དུས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༠ ལ་རྫོགས་ཀྱི་ཡོད་སྐོར་འཁོད་ཡོད་པས་ཡིན་པ་རེད།
ཕྱི་ལོ་ ༢༠༠༥ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་སྡེ་ཚན་གྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་མན་ཧྥར་ཌི་ནོ་ཝག་(Dr.ManFred Nowak)ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། འཇིགས་མེད་རྒྱ་མཚོ་ལ་མནར་གཅོད་འདྲ་མིན་བཏང་བ་དང་། ཆབ་སྲིད་ཀྱི་ཉེས་མིང་གང་བྱུང་གཡོགས་ཏེ་ཁྲིམས་ཆད་བཏང་བ་ཞིག་རེད་འདུག དེར་བརྟེན་ཁོང་གློད་གྲོལ་གཏོང་དགོས་རེད་ཟེར་ནས་བཤད་ཡོད། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འགལ་འཇུ་བཟུང་བཀག་ཉར་ལས་དོན་རུ་ཁག་ནས་འགྲེལ་བརྗོད་བྱ་དོན། རྒྱ་གཞུང་གིས་འཇིགས་མེད་རྒྱ་མཚོ་ལགས་གང་བྱུང་འཇུ་བཟུང་གིས་ཁྲིམས་ཐག་བཅད་པ་དེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐབ་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན་ ༡༩ དང་ ༢༠ ལ་འགལ་བ་དང་། སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་དམ་ཡིག་དོན་ཚན་ ༡༩ དང་ ༢༢ ལ་འགལ་ཡོད། འཇིགས་མེད་རྒྱ་མཚོ་ལགས་ཀྱིས་དྲག་སྤྱོད་བྱས་མེད་ལ། མི་རིགས་དང་ཆོས་ལུགས་སོགས་ལ་འགལ་ཟླ་བཟོས་མེད། སོ་སོའི་མངོན་འདོད་བཤད་པ་དང་། བསམ་ཚུལ་འཆང་བ་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སྤྱོད་བྱས་པ་རེད།
རྒྱ་གཞུང་གིས་འཇིག་མེད་རྒྱ་མཚོ་ལགས་ད་ལྟ་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྟབས། ཁོང་ལ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཆ་ཚང་སྤྲོད་དགོས་པ་དང་། ཁོང་ལ་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་སྤྲོད་དགོས་པ། ད་ལྟ་རྒྱལ་སྤྱིའི་ཚོགས་སྡེ་སོགས་ནས་འཇིགས་མེད་རྒྱ་མཚོ་ལགས་ཀྱི་གནས་སྟངས་ཐོག་སེམས་ཚབས་ཆེན་པོ་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་འཇིགས་མེད་རྒྱ་མཚོ་ལགས་གནས་སྟངས་གང་འདྲ་ཞིག་གི་འོག་གློད་གྲོལ་བཏང་མིན་དང་། དེ་བཞིན། གློད་གྲོལ་རྗེས་ཁོང་གི་གནས་སྟངས་ག་འདྲ་ཆགས་ཡོད་མེད་རྒྱལ་སྤྱིའི་ཐོག་གསལ་བཤད་ཇི་མ་ཇི་བཞིན་བྱེད་དགོས་ཡོད།
འཇིགས་མེད་རྒྱ་མཚོ་ལགས་ཀྱི་སྐྱེས་ཡུལ་ནི། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་འབར་རྟ་གྲོང་ཚོ་ཡིན་ཞིང་། ཕྱི་ལོ་ ༡༩༨༥ ཙམ་ལ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཏེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་ཆོས་ཞུགས་བྱས། ཕྱི་ལོ་ ༡༩༨༧ ལོར་བོད་ལ་ཕྱིར་ལོག་བྱས་ཏེ་དགའ་ལྡན་དགོན་པར་ཆོས་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༨ དང་ ༡༩༨༩ ལོར་ཁོང་གིས་བོད་རང་བཙན་ཚོགས་པ་གསར་འཛུགས་བྱས་པ་དང་། ཕྱི་ལོ་ ༡༩༩༡ ལོར་ལས་འགུལ་སྤེལ་རྒྱུ་འགོ་འཛུགས་བྱས། ཕྱི་ལོ་ ༡༠༩༢ ལོར་ཁོང་གི་རོགས་པ་ཁག་ཅིག་གིས་ལས་འགུལ་སྤེལ་ཏེ་འཇུ་བཟུང་འོག་ཚུད་རྗེས། འཇིགས་མེད་རྒྱ་མཚོ་ལགས་དོགས་ཡོད་མི་སྣའི་གྲས་ལ་ཚུད། ཕྱི་ལོ་ ༡༩༩༦ ལོར་དངོས་སུ་འཇུ་བཟུང་གིས་ཁྲིམས་ཆད་ཕོག