ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་བའི་ངོ་རྒོལ་གནང་མཁན་བོད་མི་ཆབ་སྲིད་བཙོན་པ་སྡེ་དཔོན་བློ་བཟང་ཡེ་ཤེས་ལགས། ལྷ་ས་ཆུ་ཤུལ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཀྱི་རྐྱེན་པས། ཉེ་ཆར་བཙོན་འོག་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད། སྐུ་ཕུང་ཡང་ནང་མིར་རྩིས་སྤྲོད་མ་བྱས་པར་རྒྱ་གཞུང་གིས་མེར་བསྲེགས་བཏང་ཡོད་འདུག
འདི་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ལྷ་སའི་ཆུ་ཤུལ་བཙོན་འོག་ནང་བཙོན་འཇུག་བྱས་ཡོད་པའི་རང་ལོ་ ༦༤ ཡིན་པའི་བོད་མི་སྡེ་དཔོན་བློ་བཟང་ཡེ་ཤེས་ལགས་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས། ཁོང་གི་གཟུགས་པོ་ནད་གཅོང་དུ་གྱུར་ཏེ་མགོ་ཡུ་འཁོར་བ་སོགས་བྱུང་བཞིན་ཡོད་པ་དང་། ཉེ་ཆར་གནས་སྟངས་ཛ་དྲག་འོག་ལྷ་སའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་ཞིག་ལ་འདས་གྲོངས་སུ་ཕྱིན་འདུག
ཁོང་བཙོན་འོག་རྐྱེན་འདས་བཏང་རྗེས་སྐུ་ཕུང་ནང་མི་ལ་རྩིས་སྤྲོད་བྱས་མེད་པ་མ་ཟད། སྐུ་ཕུང་མེར་བསྲེགས་སྐབས་ཀྱང་སྤུན་མཆེད་གཉིས་ལས་ལྷག་ཡོང་མི་ཆོག་པ་བརྗོད་འདུག དེ་བཞིན། ནང་མི་རྣམས་ཁོང་གི་སྐུ་ཕུང་འགྲམ་ལའང་འགྲོར་བཅུག་མེད་པ་རེད། ནང་མི་སྤུན་མཆེད་ཚོས་སྔ་ཕྱི་རིམ་པར་ཞུ་བ་འཐེན་རྗེས། གྲྭ་པ་གཅིག་ཁོ་ན་སྔོ་སྨོན་གསུང་བར་ཕུང་པོའི་འགྲམ་ལ་བཏང་ཡོད་འདུག
ལོ་སྔོན་མར་སྟོང་འབར་ཡུལ་ཚོའི་ཁུལ་གྱི་རྒྱ་མོ་དངུལ་ཆུའི་ཉེ་འགྲམ་དུ་རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་ལས་གཞི་སྤེལ་བཞིན་པར་བརྟེན། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༧ ཉིན་སྟོང་འབར་ཡུལ་ཚོའི་རང་ལོ་ ༣༩ ཡིན་པའི་བོད་མི་འཕགས་པ་རྒྱལ་མཚན་གྱིས་དེར་ངོ་རྒོལ་གྱིས་རང་ལུས་ལ་གྲིས་ཐེངས་གསུམ་བཙུགས་ཏེ་ཁང་སྟེང་ནས་མཆོང་ནས་འདས་གྲོངས་ཕྱིན་རྗེས། བོད་མི་རིག་འཛིན་གྱིས་ཀྱང་རང་ལུས་ལ་གྲིས་བཙུགས་ཏེ་ཁང་སྟེང་ནས་མཆོང་རྩིས་བྱས་ཡོད་ཀྱང་། ཡུལ་མི་ཚོས་བཀག་འགོག་གིས་ས་གནས་སྨན་ཁང་དུ་བསྐྱལ་ཡོད་པ་རེད།
དེར་བརྟེན། ཟླ་དེའི་ཚེས་ ༩ ནས་ ༡༠ བར་སྟོང་འབར་ཡུལ་ཚོའི་ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གི་གཏེར་ཁ་བསྔོག་འདོན་ལ་མུ་མཐུད་ངོ་རྒོལ་བྱས་ཡོད་པ་ལྟར། སྐབས་དེར་ཉེ་ཆར་བཙོན་འོག་རྐྱེན་འདས་སུ་གྱུར་པའི་གེ་བ་སྡེ་བའི་སྡེ་དཔོན་བློ་བཟང་ཡེ་ཤེས་སོགས། མི་རྒན་པ་འགས་སྣེ་ཁྲིད་འོག་སྟོང་འབར་ཡུལ་ཚོའི་བོད་མི་རྒན་གཞོན་བར་གསུམ་གྱིས་གཏེར་ཁ་བསྔོག་རྒྱུར་ངོ་རྒོལ་སྐབས། ཆབ་མདོ་ཁུལ་དང་མཛོ་སྒང་རྫོང་གིས་ཉེན་རྟོག་པ་དང་དམག་མི་ཡོང་ནས་འཇིགས་སྐུལ་བྱས་ཀྱང་ཡུལ་མི་ཚོས་དང་ལེན་མ་བྱས་སྟབས། ཁུལ་དང་རྫོང་སོགས་ཀྱི་དཔོན་རིགས་འགའ་འབྱོར་ཏེ་ནང་འགྲིག་བྱ་དགོས་སྐོར་བཤད་དེ་གྲོང་མི་རྣམས་སོ་སོའི་ནང་ལ་ལོགས་བཅུག་རྗེས། ཕྱི་ཚེས་ ༡༢ ཉིན་སྡེ་དཔོན་བློ་བཟང་ཡེ་ཤེས་སོགས་མི་བདུན་མཛོ་སྒང་རྫོང་དུ་བཙན་ཁྲིད་བྱས་ཏེ། ལོ་གཅིག་མ་ཟིན་ཙམ་གྱི་རིང་ཉེས་རྡུང་འདྲི་རྩད་བཀག་ཉར་རྗེས་ཆབ་མདོ་ལ་ཁྲིད་ནས་ཟླ་གཅིག་ཙམ་བཀག་ཉར་དང་། དེ་རྗེས་ཕྱི་ལོ་ ༢༠༡༥ ཟླ་ ༥ ནང་སྡེ་དཔོན་བཟོ་བློང་ཡེ་ཤེས་དང་། ཁོང་གི་རོགས་པ་ངག་བཀྲ་དང་ཆོས་ལུག་བསྟན་འཛིན་གསུམ་ལ་ལོ་ ༢ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད་འདུག བཙོན་ཁང་ནང་ཁོང་ལ་མུ་མཐུད་ཉེས་རྡུང་ཚད་མེད་བཏང་སྟེ་མགོ་ཡུ་འཁོར་བ་སོགས་གཟུགས་པོ་ནད་གཅོང་ཅན་དུ་བཏང་མཐར། ཉེ་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་འོག་ལྷ་སའི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་ཤིག་ལ་འདས་གྲོངས་སུ་ཕྱིན་འདུག
རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དྲག་གནོན་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། བློ་བཟང་ཡེ་ཤེས་ལགས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་གེ་བ་སྡེ་བའི་ཡིན་ལ། ཁོང་དེ་སྔོན་སྡེ་བ་དེའི་སྡེ་དཔོན་ཡོན་པ་རེད། ཁོང་ལ་བུ་ཕྲུག་བརྒྱད་ཡོད་པའི་ནང་ནས་གཉིས་ད་ལྟ་རྒྱ་གར་དུ་ཡོད་པ་དང་། སྤྱིར་ཁོང་ཚང་ལ་ནང་མི་བཅུ་བཞི་ཡོད་པའི་ནང་ནས་ཁྱིང་ཚང་གི་འཚོ་བའི་རྟེན་སར་གྱུར་བའི་མི་གཙོ་བོ་ཁོང་ཆགས་ཡོད་པ་རེད། ས་གནས་མང་ཚོགས་ཀྱི་ངོས་འཛིན་ལ་ཁོང་ནམ་རྒྱུན་སྤྱི་དོན་ལ་འགན་ལེན་དང་དྲང་བདེན་ལྷག་བསམ་ཅན་གྱི་མི་ཞིག་ཡིན་འདུག
འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ནང་མིས་རེ་སྐུལ་སྣང་མེད་དུ་བཞག་ནས་རྒྱ་གཞུང་གིས་བཙོན་འོག་རྐྱེན་འདས་སུ་བཏང་པའི་བོད་མི་བློ་བཟང་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་མེར་བསྲེགས་བཏང་བའི་བྱ་སྤྱོད་ལ་བློ་ཕམ་དང་སྐྱོན་བརྗོད་བྱེད་བཞིན་ཡོད། དེ་བཞིན། རྒྱ་གཞུང་གིས་གདུང་ཐལ་ནང་མིར་རྩིས་སྤྲོད་དགོས་པ་མ་ཟད། བོད་མིའི་སྲོལ་རྒྱུན་ལས་ནང་མིར་ཆོས་ཕྱོགས་ཀྱི་མཆོད་འབུལ་བསྔོ་སྨོན་སྒྲུབ་འཇུག་དགོས། རྒྱ་གཞུང་གིས་བོད་ཀྱི་གནས་རི་དང་གཙང་པོའི་ཁུལ་དུ་གཏེར་ཁ་བསྔོག་འདོན་བྱས་པ་དེས། བོད་མི་རིགས་ཀྱིས་གནས་རི་དང་གཙང་པོར་དད་མོས་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་རྨ་ཁ་བཟོས་པར་མ་ཟད། བོད་མིའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་བཟོས་ཏེ་མང་ཚོགས་ཀྱི་འཚོ་བར་དཀའ་ཉེན་འཕྲད་ཀྱིན་ཡོད་སྟབས། རྒྱ་གཞུང་གིས་བོད་ཁུལ་ད་ཚད་བརྒལ་གྱི་གཏེར་ཁ་བསྔོག་འདོན་བྱ་རྒྱུ་མཚམས་འཇོག་བྱ་དགོས། བོད་མི་རྣམས་ཀྱིས་རང་ཉིད་ཀྱི་མངོན་འདོད་གསལ་འདོན་གྱིས་ཞི་བའི་སྒོ་ནས་གཏེར་བསྔོག་འདོན་ལ་ངོ་རྒོལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པ་དེ་ནི། ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱས་པ་ཞིག་ཆགས་ཡོད་སྟབས། ཁོང་ཚོ་འཇུ་བཟུང་བཙན་འཁྲིད་དང་ཁྲིམས་གཅོད་བཙོན་འཇུག་བྱེད་པའི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཆགས་ཡོད། དེར་བརྟེན། རྒྱ་གཞུང་གིས་བོད་མིའི་ཁྲིམས་མཐུན་ཁེ་དབང་རྡོག་རོལ་དང་འཇུ་བཟུང་བཙོན་འཇུག་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།