དེ་སྔོན་རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་འོག་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་པའི་གླུ་བ་བློ་བློ་ལགས། ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་གྱི་ཉེ་འདབས་བཙོན་ཁང་ཞིག་ནང་བཙོན་འཇུག་བྱས་ཡོད་པ་དང་། བཙོན་འོག་ཏུ་སྡུག་སྦྱོང་མནར་བཏང་བར་བརྟེན་ནས་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་རིགས་གླུ་བ་བློ་བློ་ལགས་རྒྱ་གཞུང་གིས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་བཙོན་འོག་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་འདུག གླུ་བ་བློ་བློ་ལགས་ཀྱིས་ <<བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ>> ཞེས་པའི་ཆེད་སྒྲིག་གླུ་གཞས་འོད་སྡེར་འགྲེམས་སྤེལ་བྱས་རྗེས། རྒྱ་གཞུང་གིས་ཁོང་གི་གཞས་ཚིག་ལ་ཆབ་སྲིད་དང་འགལ་བའི་ནང་དོན་ཡོད་སྐོར་གྱི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་རེད། དང་ཐོག་ཁོང་དུས་ཐུང་རིང་འཇུ་བཟུང་བཀག་ཉར་གྱིས་ཕྱིར་གློད་ཡོད་ཀྱང་། རྗེས་སུ་བསྐྱར་དུ་འཇུ་བཟུང་བཀག་ཉར་བྱས་ཏེ་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༣ ཉིན་རྒྱ་གཞུང་གིས་ཁོང་ལ་ལོ་ ༦ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁོང་རང་ལོ་ ༣༠ ཡིན་འདུག
ཉེ་སྔོན་བཙོན་ཁང་དུ་གླུ་བ་བློ་བློ་ལགས་སུ་ཐུག་འཕྲད་སྐབས་གསང་བའི་ཐོག་ནས་བླངས་པའི་འདྲ་པར་དང་གནས་ཚུལ་འདི་ག་ལྟེ་གནས་ཁང་ལ་འབྱོར་གསལ། བཙོན་ཁང་ནང་ཁོང་ལ་བཙོན་པ་སྤྱི་མཚུངས་ལྟར་དགོས་ངེས་ཀྱི་མཐུན་འགྱུར་སྤྲོད་ཀྱིན་མེད་པར། སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས་ཁོང་གི་གཟུགས་པོར་ན་ཚ་བྱུང་སྟེ་སྐྱོ་བོ་ཆགས་ཡོད་འདུག དེ་བཞིན། བཙོན་ཁང་ནང་བཙོན་སྲུང་ཉེན་རྟོག་པས་གླུ་བ་བློ་བློ་ལགས་ལ་བཙོན་པ་གཞན་དང་མ་འདྲ་བར་དམིགས་བསལ་དམ་དྲག་ལྟ་རྟོག་བྱེད་བཞིན་པར་མ་ཚད། གླུ་བ་བློ་བློ་ཡི་ནང་མི་ཉེ་འབྲེལ་རྣམས་ཀྱིས་སྤྲད་པའི་ཟ་མ་དང་གྱོན་གོས་སོགས་ཀྱང་ཁོང་ལ་སྤྲོད་ཀྱིན་མེད་པ་རེད། འདི་གར་འབྱོར་བའི་ཁོང་གི་འདྲ་པར་ལས་ཀྱང་། གླུ་བ་བློ་བློ་ལགས་སྔར་དང་བསྡུར་ན་གཟུགས་པོ་སྐམ་རིད་ཆགས་ཡོད་པ་རེད།
གཞན་ཡང་། དེ་སྔོན་རྒྱ་གཞུང་གིས་གླུ་བ་བློ་བློ་དང་མཉམ་དུ་གྲྭ་བློ་བཟང་སྦྱིན་པ་ལགས་ལའང་ལོ་ ༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ནི་ཁམས་ཡུལ་ཤུལ་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་པ་ཡིན་ལ། རྒྱ་གཞུང་གིས་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་ལ། གླུ་བ་བློ་བློ་ལགས་ཀྱིས་ཁོང་གི་ཆེད་བསྒྲིགས་འོད་སྡེར་ནང་༼པཎ་ཆེན་ལགས༽ཞེས་པའི་གླུ་གཞས་ཞིག་བླངས་ཡོད་པ་དེའི་ཚིག་རྩོམ་མཁན་ནི་གྲྭ་བློ་བཟང་སྦྱིན་པ་ཡིན་པ་རེད།
གོང་གསལ་གླུ་བ་བློ་བློ་དང་གྲྭ་བློ་བཟང་སྦྱིན་པ་གཉིས་ལ་བཙོན་འཇུག་མནར་གཅོད་བཏང་བ་འདིས། ཁོང་གཉིས་གཅིག་པུ་ཙམ་མ་ཡིན་པར་ས་གནས་དེ་གར་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེན་བྱེད་བཞིན་པ་བསྟན་ཡོད། ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་ལ་ཁམས་ཡུལ་ཤུལ་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་པ་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེན་བྱས་ཡོད། དཔེར་ན། དགོན་པ་དེའི་གྲྭ་བློ་བཟང་ལགས་ལ་རྒྱ་གཞུང་གིས་ལོ་ ༡༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། ཁོང་ནི་དགོན་པའི་ནང་ཆོས་འཆད་ཉན་ཧ་ཅང་ལེགས་པོ་ཡོད་པ་དང་། དགོན་པ་དང་ས་གནས་སུ་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ཆགས་ཡོད། འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་བློ་བཟང་ལགས་ལའང་སྔར་བཞིན་བཙོན་འོག་སྨན་ཁང་དུ་སྡོད་དགོས་བྱུང་ཡོད་པ་དང་། ད་ལྟའང་ཁོང་གིས་གཟུགས་པོའི་གནས་སྟངས་སྔར་བཞིན་ལེགས་བཅོས་བྱུང་ཐུབ་མེད་པ་རེད། གནས་སྟངས་འདི་ལས་རྒྱ་གཞུང་གིས་བཙོན་ཁང་ནང་བཙོན་པ་རྣམས་ལ་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་ལེགས་པོ་སྤྲོད་ཀྱིན་མེད་པ་དེ་གསལ་བོར་རྟོགས་ཐུབ།
འདི་ག་ལྟེ་གནས་ཁང་གི་ངོས་ནས། བོད་ནང་གི་ཆབ་སྲིད་བཙོན་པ་དེ་དག་གིས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པའི་སྒོ་ནས། ཞི་བའི་ཐོག་སོ་སོའི་དགོས་འདུན་གསལ་འདོན་བྱས་པར་བརྟེན་ནས་རྒྱ་གཞུང་གིས་ཁྲིམས་འགལ་འཇུ་བཟུང་དང་བཙོན་འཇུག་བྱས་པ་ཞིག་ཆགས་ཡོད། བཙོན་འོག་ཏུ་བོད་རིགས་ཆབ་སྲིད་བཙོན་པ་རྣམས་དགོས་ངེས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མ་སྤྲད་པར་སྡུག་སྦྱོང་མནར་གཅོད་བཏང་རྣམས། རྒྱ་གཞུང་གིས་ངོས་ལེན་དང་མཚམས་འཇོག་བྱ་དགོས། དེ་བཞིན། རྒྱ་གཞུང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཙོན་ཁང་ནང་བཙོན་པ་རྣམས་ལ་དགོས་ངེས་སྨན་བཅོས་དང་འཚོ་བའི་མཐུན་རྐྱེན་རིགས་སྦྱོར་དགོས་པའི་ཐད་སྤྱི་ཆིངས་བཞག་སྟེ་རྒྱལ་སྤྱིའི་གཅིག་གྱུར་གཏན་འབེབས་བྱས་ཡོད་པའི་དོན་ཚན་ཁག་ལ། རྒྱ་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མགོ་ཁྲིད་དག་གིས་ངེས་པར་བརྩི་སྲུང་བྱ་དགོས།
དེ་བཞིན། རྒྱ་གཞུང་རང་ཉིད་ཀྱི་བཙོན་མའི་ཐོབ་ཐང་སྐོར་གྱི་ཁྲིམས་ཡིག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ <<དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་སྤྱི་ཆངས>> ནང་དུའང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་གསལ་བོར་བཀོད་ཡོད། རྒྱ་གཞུང་གིས་བཙོན་ཁང་ནང་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ལ་བཙོན་པ་སྤྱི་མཚུངས་ལྟར་དགོས་ངེས་མཐུན་རྐྱེན་ཁག་སྤྲོད་ཀྱིན་མེད་པར་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པའི་བྱ་སྤྱོད་དེ་ནི། རྒྱ་གཞུང་གིས་ངོས་འཛིན་དང་ཁས་ལེན་བྱས་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གི་གཏན་འབེབས་དང་འགལ་གྱིན་ཡོད་པ་མ་ཟད། རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་ལུགས་ཁག་ལའང་རྒྱབ་འགལ་དང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། བོད་རིགས་གླུ་བ་བློ་བློ་ལགས་ལ་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། རྒྱ་གཞུང་གི་རྩ་ཁྲིམས་ནང་ “སྨྲ་བརྗོད་དང་པར་བསྐྲུན། འདུ་འཛོམས། ཚོགས་སྒྲིག ཡུལ་སྐོར།” བཅས་དང་། “སྒྱུ་རྩལ་གསར་རྩོམ་དང་གཞན་པའི་རིག་གནས་བྱ་འགུལ་སྤེལ་བའི་རང་དབང་ཡོད” སྐོར་བཀོད་པ་ལྟར། གོང་གསལ་ཁྲིམས་ལུགས་ཁག་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་མིན། རྒྱ་གཞུང་གིས་བཙོན་ཁང་ནང་བོད་རིགས་བཙོན་པ་རྣམས་ལ་ཟ་མ་དང་གྱོན་གོས། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྤྲོད་ཀྱིན་མེད་པའི་གནས་སྟངས་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཅིག་གྱུར་ཚད་གཞི་དང་འགལ་ཡོད་པས། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ཁྲིམས་འགལ་བྱ་སྤྱོད་དེ་དང་མཚམས་འཇོག་གིས། བོད་ནང་གི་བཙོན་པ་རྣམས་ལ་རྒྱལ་སྤྱིའི་གཅིག་གྱུར་གྱི་བཙོན་འོག་མཐུན་རྐྱེན་རིགས་སྦྱོར་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།