བོད་མདོ་སྨད་རྔ་བའི་གླུ་བ་དང་གླུ་གཞས་སྒྲིག་སྦྱོར་བ་པདྨ་རིག་འཛིན་དང་། གཞན་པའི་མི་གཉིས་བཅས་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་བཀལ་ཐོག ཁྲིན་ཏུའུ་གྲོང་ཁྱེར་ཅེན་ཉོས་ཆས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ཐག་བཅད་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་རྔ་བའི་གླུ་བ་པདྨ་རིག་འཛིན་ལགས་ལ། ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་སྐད་གླུ་གཞས་འོད་སྡེར་སྒྲིག་སྦྱོར་དང་པར་སྐྲུན་བྱས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཅེན་ཉོས་ཆས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་ ༢ དང་ཟླ་ ༦ གི་དུས་བཀག་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ཡོད་འདུག
རྒྱ་གཞུང་གིས་གླུ་བ་པདྨ་རིག་འཛིན་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༧ ཉིན་ཁྲིན་ཏུའུ་ནས་འཇུ་བཟུང་བཙན་ཁྲིད་བྱས་ཤིང་། ད་བར་ལོ་ ༡ དང་ཟླ་ ༦ ལྷག་རིང་བཀག་ཉར་ཁང་དུ་འདྲི་གཅོད་བཀག་ཉར་བྱས་ཡོད་པ་རེད། ཁོང་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་རར་ཟུར་ཉན་དུ་ནང་མི་རེ་ཟུང་ཡོང་བཅུག་ཡོད་ཀྱང་། ནང་མིར་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་སྤྲད་མེད་པ་རེད།
གཞན་ཡང་། གླུ་བ་པདྨ་རིག་འཛིན་ལགས་དང་ལྷན་དུ་མི་གཉིས་ལ་ཁྲིམས་ཐག་བཅད་ཡོད་འདུག ཡིན་ནའང་། ཁོང་གཉིས་ཀྱི་མིང་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ས་གནས་མང་ཚོགས་ཀྱིས་བརྗོད་ཀྱིན་པ་ལྟར་ན། མི་དེ་གཉིས་རྒྱ་རིགས་ཡིན་པ་དང་། ཁོང་གཉིས་ནི་གླུ་གཞས་སྒྲིག་སྦྱོར་བྱེད་མཁན་ཡིན་སྲིད་པའི་ཚོད་བགམ་བྱེད་བཞིན་འདུག དེ་བཞིན། གླུ་བ་དང་གླུ་གཞས་སྒྲིག་སྦྱོར་བ་པདྨ་མ་རིག་འཛིན་དང་གླུ་བ་སྐལ་བཟང་ཡར་འཕེལ། གཞན་པའི་མི་དེ་གཉིས་བཅས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་དེར། རྒྱ་གཞུང་གིས་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་ཐོག་ནས་ཉེས་འཛུགས་ཁྲིམས་གཅོད་བྱས་ཡོད་འདུག ཡིན་ནའང་། ཞིབ་ཕྲའི་ཉེས་འཛུགས་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག
གླུ་བ་པདྨ་རིག་འཛིན་ལགས་ནི་དམངས་ཁྲོད་ཀྱི་གཞས་པ་ཞིག་ཡིན་པ་དང་། ༡༩༨༢ ལོ་ནས་བཟུང་ཁོང་གིས་༼གངས་ལྗོངས་དྲན་གླུ༽ དང་ ༼མིག་ཆུ༽ སོགས། བོད་མིའི་གནས་བབ་མཚོན་པའི་གླུ་གཞས་མང་པོ་ལེན་མགོ་བརྩམས་ཤིང་། ཁོང་གི་ཕ་སྐད་གླུ་གཞས་སྒྲ་ཐག་དང་འོད་སྡེར་དག་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོ་ཙམ་ནས་ཁོང་གིས་རྒྱུན་ལྡན་གྱི་གླུ་གཞས་གཏོང་མཚམས་བཞག་སྟེ། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གློག་བརྙན་སྒྲིག་བཟོ་ཁང་ཞིག་གསར་འཛུགས་ཐོག བོད་ཁམས་ཀྱི་གཞས་པ་གཞས་དག་གིས་མི་རིགས་ཀྱི་ལས་དབང་དབྱངས་སུ་གྱེར་བའི་གླུ་གཞས་ཆེད་བསྒྲིགས་མང་པོ་སྒྲིག་བཟོ་བྱེད་བཞིན་ཡོད་པ་དང་། དེ་སྔོན་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་གློག་བརྙན་སྒྲིག་བཟོ་ཁང་དེ་སྒོ་རྒྱག་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་འདུག
གླུ་བ་དང་གླུ་གཞས་སྒྲིག་སྦྱོར་བ་པདྨ་རིག་འཛིན་ལགས་ནི་ད་ལྟ་རང་ལོ་ ༤༤ ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བཟུང་གིས་མི་སེར་སྤེལ་བའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། ཁོང་གི་ཕ་ཡུལ་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཁུལ་རྔ་པ་རྫོང་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་ ༤ པ་ནས་ཡིན་པ་དང་། ཁོང་རང་ཆུང་དུས་ནས་རྔ་པ་རྫོང་གནམ་མཚོ་དགོན་པ་རུ་གྲྭ་པ་བྱས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། ཕྱིས་སུ་སྐྱ་སར་བབས་ཏེ་བཟའ་ཟླ་བཀྲ་ཤིས་ཆོས་སྒྲོན་དང་གཉེན་སྒྲིག་བྱས། ད་ལྟའི་ཆར་ཁོང་བཟའ་ཚོ་གཉིས་ལ་བུ་ ༢ དང་བུ་མོ་ ༡ བཅས་ཕྲུ་གུ་གསུམ་ཡོད་པ་དང་། ཁོང་གི་ཕ་མ་གཉིས་སྔར་ནས་གྲོངས་ཚར་ཡོད་འདུག