གྲྭ་བློ་བཟང་ཐུབ་བསྟན་ལགས་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཟིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐུབ་བསྟན་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཟིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐུབ་བསྟན་ལགས།

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐུབ་བསྟན་ལགས་ཀྱིས་ཞི་བའི་སྐད་འབོད་གོམ་བགྲོད་སྐབས། ས་གནས་རྒྱ་གཞུང་འགྲིམ་འགྲུལ་ཉེན་རྟོག་པས་སོ་སོའི་ལས་འགན་ཁྱབ་ཁོངས་ལ་བརྒལ་ཏེ་ཁྲིམས་འགལ་ཐོག་འཇུ་བཟུང་བཙན་འཁྲིད་བྱས་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཙམ་ལ། རྔ་པ་རྫོང་གི་ཁྲོམ་གཞུང་དུ་གྲྭ་བློ་བཟང་ཐུབ་བསྟན་ལགས་ཀྱིས། ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཕྱར་ཏེ་སྐད་འབོད་བྱེད་བཞིན་ཞི་བའི་ངོ་གོལ་གོམ་བགྲོད་བྱས་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་འགྲིམ་འགྲུལ་ཉེན་རྟོག་པ་སླེབས་ནས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གྲྭ་བློ་བཟང་ཐུབ་བསྟན་ལགས་རྒྱ་གཞུང་འགྲིམ་འགྲུལ་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱེད་ཀྱིན་པའི་འདྲ་པར།
གྲྭ་བློ་བཟང་ཐུབ་བསྟན་ལགས་རྒྱ་གཞུང་འགྲིམ་འགྲུལ་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱེད་ཀྱིན་པའི་འདྲ་པར།

བརྒྱུད་ལམ་ཁག་ཏུ་གྲྭ་བློ་བཟང་ཐུབ་བསྟན་ལགས་ཀྱི་ཞི་རྒོལ་གོམ་བགྲོད་དང་འབྲེལ་བའི་བརྙན་ཐུང་ཁག་གཉིས་དང་པར་རིས་འགའ་སླེབས་པ་ལྟར། བརྙན་ཐུང་གཅིག་ལས་གསལ་བ་ནི། གྲྭ་བློ་བཟང་ཐུབ་བསྟན་ལགས་ཀྱིས་ལག་ཏུ་སྐུ་པར་འཕྱར་བཞིན། ཁོང་རང་གཅིག་པུ་ཐོག་ཁང་དཀར་པོ་ཞིག་གི་ཉེ་འཁྲིས་ནས་ཐོན་ཏེ། སྐད་འབོད་བྱེད་ཀྱིན་སྲང་ལམ་དུ་ཞི་བའི་གོམ་བགྲོད་བྱས་ཡོད་པ་རེད། ཡིན་ནའང་། ཁོང་གིས་སྐད་འབོད་ག་རེ་བྱས་ཡོད་མེད་གསལ་པོ་ཐོས་ཐུབ་ཀྱི་མི་འདུག བརྙན་ཐུང་གཞན་ཞིག་ལས་གསལ་བ་ནི། སྲང་ལམ་སྟེང་འགྲིམ་འགྲུལ་ཉེན་རྟོག་པ་གཉིས་ཀྱིས་ཁོང་གི་གཡས་གཡོན་ནས་བཟུང་སྟེ་མགྱོགས་མྱུར་ངང་བཙན་འཁྲིད་ཀྱིས་བགྲོད་བཞིན་པ་དང་། ལམ་འགྲམ་གཡས་གཡོན་དུ་མང་ཚོགས་རྣམས་འདུ་འཛོམས་ཀྱིས་དོ་སྣང་བྱེད་ཀྱིན་པ་མཐོང་ཐུབ། དེ་བཞིན། འདྲ་པར་གཅིག་ལས་གྲྭ་བློ་བཟང་ཐུབ་བསྟན་ལགས་འཇུ་བཟུང་བཙན་འཁྲིད་བྱེད་མཁན་དེ་གཉིས་ཀྱིས་འགྲིམ་འགྲུལ་ཉེན་རྟོག་པའི་ལྭ་བ་གྱོན་ཡོད་པ་གསལ་པོ་མཐོང་ཐུབ་ཀྱི་འདུག

རྒྱ་གཞུང་གི་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབ་ལྟར་ན། འགྲིམ་འགྲུལ་ཉེན་རྟོག་པར་འགྲིམ་འགྲུལ་ལས་དོན་དང་འབྲེལ་མེད་ཀྱི་གནད་དོན་ཐད་མི་སྣ་འཇུ་བཟུང་བཙན་ཁྲིད་ཀྱི་ཐོབ་ཐབ་མེད་པར་མ་ཟད། འགྲིམ་འགྲུལ་ཉེན་རྟོག་པས་སོ་སོའི་ལས་འགན་ཁྱབ་ཁོངས་ལས་བརྒལ་ཏེ་ཁྲིམས་འགལ་བྱ་སྤྱོད་རིགས་སྤེལ་བ་ཡིན་ན། གནོད་སྐྱོན་ཕོག་མཁན་གང་ཟག་དང་མང་ཚོགས་ཀྱི་ངོས་ནས། འགྲིམ་འགྲུལ་ཉེན་རྟོག་པའི་བྱ་སྤྱོད་དེ་རིགས་འབྲེལ་ཡོད་ཁྲིམས་ལུགས་སྡེ་ཁག་ལ་གཏུགས་བཞེར་བྱེད་ཆོག་གི་ཡོད་པ་རེད། གོང་གསལ་གྲྭ་བློ་བཟང་ཐུབ་བསྟན་ལགས་འགྲིམ་འགྲུལ་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་པའི་བྱ་སྤྱོད་དེ་ནི། ས་གནས་འགྲིམ་འགྲུལ་ཉེན་རྟོག་པས་སོ་སོའི་ལས་འགན་ཁྱབ་ཁོངས་ལས་བརྒལ་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་ཞིག་ཆགས་ཡོད།

ཞི་རྒོལ་གོམ་བགྲོད་གནང་མཁན་བློ་བཟང་ཐུབ་བསྟན་ལགས་ནི་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བཞིན་པའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་འདུག

to top