ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གྲྭ་བསོད་ནམས་མགོན་པོ་ལགས་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་ཡོད་ནའང་། ཁོང་དང་ལྷན་དུ་ཁྲིམས་ཐག་དུས་ཡུན་གཅིག་པ་བཅད་ཡོད་པའི་གྲྭ་བསོད་ནམས་ཆོས་དར་ལགས་ད་དུང་གློད་མི་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྫ་དབོན་པོ་དགོན་པའི་གྲྭ་བསོད་ནམས་དགོན་པོ་ལགས་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་གྲོལ་བཏང་སྟེ་ཕྱི་ཟླ་ ༣ ཚེས་ ༡༢ མཚན་མོར་ཕྱིར་རང་ཁྱིམ་དུ་བསླེབས་འདུག ཡིན་ནའང་། ཁོང་དང་ལྷན་དུ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གྲྭ་བསོད་ནམས་ཆོད་དར་བཙོན་འཇུག་དུས་ཡུན་གཙང་ཟིན་ནའང་ད་དུང་གློད་གྲོལ་བཏང་མེད་པ་རེད། ད་ལྟའི་ཆར་ཁོང་གཉིས་ཀྱི་གཟུགས་པོའི་གནས་སྟངས་ག་འདྲ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་གྱི་ཞོགས་པར་རྒྱ་གཞུང་ཉེན་རྟོག་པ་མང་པོ་རྫ་དབོན་པོ་དགོན་པའི་ནང་ཡོང་སྟེ་གྲྭ་བསོད་ནམས་མགོན་པོ་དང་བསོད་ནམས་ཆོས་དར་ལགས་ཀྱང་འཇུ་བཟུང་བཙན་འཁྲིད་ཀྱིས་ཟླ་དགུ་རིང་གར་སོང་ཆ་མེད་དུ་གྱུར་མཐར། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་ས་གནས་རྒྱ་གཞུང་གི་སློབ་གྲྭའི་ནང་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་སྦྱར་ཡིག་བཀྲམས་པའི་ཉེས་འཛུགས་འོག ཁོང་གཉིས་ལ་ལོ་ ༤ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རོང་བྲག་རྫོང་གི་ར་རྔ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། ཉེ་ཆར་ལོ་བཞིའི་བཙོན་འཇུག་དུས་ཡུན་གཙང་སྟེ་གྲྭ་བསོད་ནམས་མགོན་པོ་ལགས་ཕྱིར་གློད་གྲོལ་བཏང་ཡོད་ནའང་། གྲྭ་བསོད་ནམས་ཆོས་དར་ལགས་དུས་བཀག་རྫོགས་ཀྱང་མུ་མཐུད་བཙོན་འཇུག་འོག་ལྷག་ཡོད་པ་རེད།
གྲྭ་བསོད་ནམས་མགོན་པོ་དང་བསོད་ནམས་ཆོས་དར་གཉིས་ག་ན་མཉམ་སྟེ། དེ་སྔོན་བཙོན་འཇུག་སྐབས་རང་ལོ་ ༢༢ དང་ད་ཆ་རང་ལོ་ ༢༦ ལ་སོན་ཡོད། ཁོང་གཉིས་ཀྱི་ཕ་ཡུལ་བོད་མདོ་ཁམས་རྫ་ཆུ་ཁ་ནས་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་དབོན་པོ་ཡུལ་ཚོ་ནས་ཡིན་པ་རེད།
ཁོང་གཉིས་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་རྒྱབ་ལྗོངས་སྐོར་འདི་ག་ལྟེ་གནས་ཁང་གིས་དེ་སྔོན་གནས་ཚུལ་སྤེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༢ པའི་ནང་དབོན་པོ་དགོན་པའི་ཉེ་མཁོར་གྱི་རྒྱ་གཞུང་ཡུལ་ཚོའི་སློབ་གྲྭའི་ནང་གི་རྒྱ་ནག་གི་དར་དམར་མར་ཕབ་ཏེ་བོད་ཀྱི་རྒྱལ་དར་བསྒྲེངས་བ་དང་སྦྱར་ཡིག་འགྲེམས་སྦྱར་བྱས་རྗེས། རྒྱ་དམག་འབོར་ཆེན་བསླེབས་ཏེ་ཟླ་གཅིག་ལྷག་རིང་ས་གནས་དགོན་གྲོང་ཚང་མར་འཇིགས་སྐུལ་སུན་བཙིར་ཚད་མེད་བྱས་ཡོད་ཀྱང་མི་སུ་ཡང་འཛིན་བཟུང་བྱེད་ཐུབ་མེད། ལོ་དེའི་ཟླ་ ༩ བའི་ནང་སླར་ཡང་ས་གནས་སློབ་གྲྭའི་ནང་རྒྱ་ནག་གི་དར་དམར་མར་ཕབ་ཏེ་བོད་ཀྱི་རྒྱལ་དར་བསྒྲེངས་བ་དང་ཡིག་ཆ་མང་པོ་བཀྲམས་པའི་གནས་ཚུལ་བྱུང་རྗེས། ཟླ་དེའི་ཚེས་ ༡༥ ཡི་མཚན་མོར་དམག་མི་མང་པོ་འབྱོར་ཏེ་ཡང་བསྐྱར་དགོན་གྲོང་གཉིས་ལ་འཇིགས་སྐུལ་སུན་བཙིར་བཟོ་མགོ་བརྩམས་ཡོད།
དེ་ལྟར་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ནས་ ༢༤ བར་དུ་གྲྭ་ཆོས་དར་དང་། སྐྱ་པེ། བློ་བཟང་མི་འཁྲུགས་བཅས་གཙོས་པའི་ས་གནས་སེར་སྐྱ་མི་གྲངས་ ༢༧ ཡས་མས་ཤིག་འཇུ་བཟུང་བཙན་འཁྲིད་ཀྱིས་རྡུང་རྡེག་ཚད་མེད་བཏང་རྗེས་གཞན་རྣམས་རིམ་པས་ཀློད་གྲོལ་བཏང་ཡོད་ཀྱང་། གྲྭ་ཆོས་དར་དང་། སྐྱ་པེ། མི་འཁྲུགས་གསུམ་ཟླ་མང་པོའི་རང་གར་སོང་ཆ་མེད་དུ་གྱུར་ཡོད། དེ་བཞིན། ཟླ་ ༡༢ ཚེས་ ༡༢ ཉིན་བསོད་ནམས་མགོན་པོ་དང་བསོད་ནམས་ཆོས་དར་གཉིས་གཙོས་དབོན་པོ་དགོན་པའི་རྨང་གཞིའི་རིག་གནས་སློབ་གླིང་གི་གྲྭ་པ་བློ་བཟང་མཁས་གྲུབ། བློ་བཟང་ནོར་བུ། བློ་བཟང་དབྱིག་གཉེན། བསྟན་འཛིན་དགེ་འདུན་བཅས་ཀྱང་འཇུ་བཟུང་བཙན་འཁྲིད་ཀྱིས་ཟླ་བ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཡོད།
མཐར་འཇུག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ཉིན་གྲྭ་ཆོས་དར་ལ་ཁྲིམས་ཆད་ལོ་གཅིག་དང་། སྐྱ་པེ་དང་མི་འཁྲུགས་གཉིས་ལ་ལོ་ ༤ ཆབ་སྲིད་ཁེ་དབང་བཙན་འཕྲོག་གིས་ཆབ་སྲིད་ལས་དོན་ནང་མི་ཞུགས་པར་ནང་མིར་ཁག་ཐེག་བྱེད་བཅུག་སྟེ་ཕྱིར་གློད་ཡོད། གྲྭ་ཆོས་དར་ལགས་ཀྱང་རྗེས་སུ་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་གྲོལ་བཏང་འདུག ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་གྲྭ་བསོད་ནམས་མགོན་པོ་དང་བསོད་ནམས་ཆོས་དར་གཉིས་ལའང་ལོ་ ༤ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ར་རྔ་ཁང་དུ་བཙོན་འཇུག་བྱས་ཡོད། ཉེ་སྔོན་གྲྭ་བསོན་ནམས་མགོ་པོ་ཡང་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་ཡོད་ཀྱང་། གྲྭ་བསོད་ནམས་ཆོས་དར་ལགས་བཙོན་འཇུག་དུས་ཡུན་གཙང་ཡོད་ནའང་ད་ལྟའི་ཆར་གློད་གྲོལ་བཏང་མེད་པ་རེད།
རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་འཇུག་དུས་བཀག་གཙང་ཟིན་རྗེས་དུས་ཐོག་གློད་གྲོལ་མ་བཏང་བར་བཙོན་འཇུག་བཀག་ཉར་གྱི་གནས་ཚུལ་བྱུང་བཞིན་པ་ལྟར། གྲྭ་བསོད་ནམས་ཆོས་དར་ལགས་ཀྱང་ལོ་བཞིའི་བཙོན་འཇུག་དུས་ཡུན་གཙང་ཡོད་ནའང་ད་དུང་བཙོན་གྲོལ་བཏང་མེད་པ་རེད། རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་སྤྱི་ཆིངས་ཁག་ལ་བརྡལ་བཤིག་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གཞུང་རང་ཉིད་ཀྱི་ཉེས་དོན་ཞུ་གཏུགས་བཅའ་ཁྲིམས་ནང་གསལ་བའི་ཁས་ལེན་ཁག་དང་རྒྱབ་འགལ་ཆགས་ཀྱི་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་ཁག་ནང་ཁས་ལེན་བྱས་པ་རྣམས་ལ་བརྩི་འཇོག་གིས། གྲྭ་བསོད་ནམས་ཆོས་དར་ལགས་དུས་ཐོག་གློད་གྲོལ་ཡོང་རྒྱུར་ནན་སྐུལ་བྱེད་ཀྱིན་ཡོད།