རྒྱ་གཞུང་གིས་རྒྱུ་མཚན་ཁ་གསལ་མེད་པའི་སྒོ་ནས། སོག་ཙན་དགོན་པའི་གྲྭ་པ་གསུམ་དང་ས་གནས་མི་སྐྱ་གཅིག་བཅས་འཇུ་བཟུང་བཙན་འཁྲིད་བྱས་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་གྱི་མཚན་མོར་སོག་ཙན་དན་དགོན་པའི་གྲྭ་ཆོས་དཔལ་ཟླ་བ་དང་། གྲྭ་འཇིགས་མེད་དབང་རྒྱལ། གྲྭ་ཆོས་དབྱིངས་ཆོས་དགའ། མི་སྐྱ་རྡོ་རྗེ་གྲགས་པ་བཅས་རྒྱ་ནག་གིས་ཛིན་བཟུང་བྱས་འདུག ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་གང་ཡིན་སྐོར་ལ་རྒྱ་གཞུང་གི་གསལ་བཤད་གང་ཡང་བྱས་མེད་པ་རེད།
གྲྭ་ཆོས་དཔལ་ཟླ་བ་ནི་རང་ལོ་ ༢༧ ཡིན་པ་དང་། སོག་རྫོང་གི་གཡག་ལ་ཡུལ་ཚོའི་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་འདུག ཁོང་དེ་སྔོན་ ༢༠༡༢ ཟླ་ ༡ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ལོ་དེའི་ཟླ་ ༢ པའི་ཚེས་ཤར་ཙམ་ལ་གསང་བའི་ངང་དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་བཅད་མྱོང་ཡོད་པ་རེད། ད་རེས་ནི་རྒྱ་གཞུང་གིས་འཇུ་བཟུང་ཐེངས་གཉིས་པ་དེ་ཆགས་ཡོད།
གཞན། གྲྭ་འཇིགས་མེད་དབང་རྒྱལ་ནི་གཡག་ལ་ཡུལ་ཚོའི་མཁར་དམར་གྲོང་གི་གླ་རུ་བདེ་ཆེན་ཚང་གི་གྲྭ་པ་ཆེ་བ་ཡིན་པ་དང་། གྲྭ་ཆོས་དབྱིངས་ཆོས་དགའ་དང་མི་སྐྱ་རྡོ་རྗེ་གྲགས་པ་གཉིས་ནི་གཡག་ལ་ཡུལ་ཚོའི་གྲོང་ཚོ་དང་པོ་མི་ཉག་ཨ་བུ་ཚང་གི་བུ་ཡིན་པ་རེད།
དེང་སྐབས་ས་གནས་དེ་གར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་པོ་ཡོད་རྐྱེན། ས་གནས་བོད་མི་ཕན་ཚུན་འབྲེལ་བ་བྱེད་ཁག་པའི་ཆགས་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།