བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་རྒྱ་གཞུང་གིས་ “མི་རིགས་རྩ་མེད་བཟོ་ཐབས་དང་ཨོ་རྩལ་འགྲན་ཚོགས་” འཚོགས་འཆར་ཐོག་ཉན་ཞིབ་གནང་སྐབས། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པོལ་སི་༼འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་༽མཆོག་གིས། རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཞིར་བྱས་རྒྱ་སྤྱིའི་འགོ་ཁྲིད་རྣམ་པས་རྒྱ་ནང་དུ་ཕྱི་ལོ་༢༠༢༢ ལོའི་པེ་ཅིན་ “ཨོ་རྩལ་འགྲན་ཚོགས་” འཚོགས་འཆར་ལ་འགོག་རྒོལ་གྱི་འབོད་སྐུལ་གནང་བ་དེ་ལ་ཡི་རངས་ཞུ་ཡི་ཡོད།
འདི་ལྟེ་གནས་ཁང་གིས། ཕྱི་ཟླ་༥ བའི་ཚེས་༡༨ ཉིན་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚན་པ་(TLHRC)དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ཚན་པ་(CECC)གཉིས་ཀྱི་གོ་སྒྲིག་འོག སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་སི་མེ་ཐི་(Chris Smith)མཆོག་དང་སྐུ་ཞབས་ཇིམ་མག་གྷོ་ཝན་(Jim McGovern)མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁི་ལེ་(Jeffrey A. Merkley)བཅས་ཀྱིས་ཚན་པ་གཉིས་ཀྱི་སྐུ་ཚབ་གནང་ནས་དུས་ཐོག་ཉན་ཞིབ་སྐབས་སུ་གལ་ཆེའི་འབོད་སྐུལ་གནང་བ་དེ་ལའང་བསྔགས་བརྗོད་ཞུ་ཡི་ཡོད།
ཕྱི་ལོ་༢༠༠༨ ལོར་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཚོགས་སྐབས་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པར་བརྟེན་ནས། བོད་མི་༡༥༦ གིས་བསྟུད་མར་རང་སྲེག་ཞི་རྒོལ་གནང་བ་རེད།
ཕྱི་ལོ་༢༠༠༨ ཟླ་༣ པའི་ཟླ་འགོ་ནས་བཟུང་བོད་མིའི་ཞི་རྒོལ་ལས་འགུལ་བྱུང་བ་དང་། དེ་ཡང་ཐོག་མར་ལྷ་ས་དང་དེའི་རྗེས་བོད་ས་ཡོངས་སུ་བྱུང་བ་བརྒྱུད་ནས། རྒྱལ་སྤྱིའི་སྟེང་བོད་ནང་གི་འཇིགས་རུང་ཉམ་ང་བའི་གནས་སྟངས་ཤེས་རྟོགས་བྱུང་བ་རེད། སྐབས་དེའི་ཞི་རྒོལ་ལ་གདུག་རྩུབ་ཀྱི་དྲག་གནོན་བྱས་ཏེ། ཕྱི་ལོ་༢༠༠༨ ཟླ་༩ བར་་ཉུང་མཐར་ཡང་ཤེས་གསལ་བོད་མི་༡༠༠ དམར་གསོད་དང་བོད་མི་༦༠༠༠ གང་བྱུང་བཀག་ཉར་བྱས་པ་འདི་ག་ལྟེ་གནས་ཁང་གི་སྙན་ཐོའི་ནང་གསལ་ཡོད།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་འདི་ག་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོ་རིམ་པ་ཁག་གི་ནང་དུ། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆབ་སྲིད་ཀྱི་དྲག་གནོན་བྱས་པ་དེ་ནི་ “འགྲོ་བ་མིའི་རིགས་ལ་རྒོལ་བའི་ཁྲིམས་འགལ་ཉེས་གསོག་” གི་གནས་ཚད་ཆགས་ཁར། དམིགས་ཡུལ་དང་འཆར་གཞི་ལྡན་པའི་བསམ་སྦྱོར་དང་། ལག་བསྟར་ཁྱབ་ཆེ་བའི་སྒོ་ནས་བོད་མི་མང་པོ་ཁྲིམས་འགལ་གྱིས་དམར་གསོད་དང་མནར་གཅོད་བཏང་བ། གང་བྱུང་བཀག་ཉར་བྱས་པའི་གནད་དོན་ཇེ་མང་དུ་ཕྱིན་པ་ཁུངས་འཕེར་ར་སྤྲོད་བྱས་ཡོད།
སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་སི་མེ་ཐི་མཆོག་ནས། “རྒྱ་ནག་གི་འཆར་སྣང་” ནི་གཏོར་བརླག་གི་ཤན་ཤུགས་ལྡན་པའི་ཞི་མཐུན་སྲིད་ཇུས་ཤིག་ཡིན་པ་ཨ་རིའི་གཞུང་སྔོན་མ་དང་རྒྱ་ནག་གཞུང་གཉིས་ཀྱི་འབྲེལ་ལམ་ནས་ར་སྤྲོད་བྱུང་བ་དང་། དུས་ཡུན་རིང་བོའི་སྲིད་ཇུས་དེའི་ཉེར་ལེན་གྱིས། རྒྱ་ནག་ནང་ཚབས་ཆེའི་དྲག་གནོན་བྱུང་བ་དང་། དྲག་གནོན་རྒྱ་སྐྱེད་ནས་དེ་རིང་གི་གོ་ལ་ཧྲིལ་བོའི་བརྟན་ལྷིང་ལ་འཇིག་ཉེན་བཟོས་པ་ལུང་འདྲེན་གནང་ཡོད།
འདི་ལོའི་ལོ་འགོར་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཟུར་བ་མེ་ཁི་ཕོམ་པེ་(Mike Pompeo)མཆོག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལོགས་ཀྱི་ཡུ་གུར་དང་ཁཱ་ཛི་ཁཱ་སི། ཏུར་ཀི་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཁག་རྩ་མེད་བཟོ་བའི་གནད་དོན་ཐེར་འདོན་གནང་བ་དེས། བོད་རང་བཙན་ཤོར་སྐབས། ཕྱི་ལོ་༡༩༥༩ ལོར་རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཚོགས་(ICJ)ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་སྐུ་ཞབས་ལཱ་ལེ་ཧྥི་(Jean-Flavien Lalive)མཆོག་གིས་བཏོན་པའི་འབྱུང་འགྱུར་གྱི་གནད་དོན་སྐོར་གྱི་བསྒྲགས་གཏམ་ཞིག་དྲན་གསོ་གནང་ཡོད།
སྐུ་ཞབས་ལཱ་ལེ་ཧྥི་མཆོག་གིས། ཕྱི་ལོ་༡༩༥༩ ལོའི་རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ “ཁྲིམས་ཀྱི་དབང་སྒྱུར་དང་བོད་ཀྱི་གནད་དོན་” ཞེས་པའི་སྔོན་འགྲོའི་སྙན་ཐོའི་ནང་དུ་ “སྔར་ནས་ཐག་གཅད་བྱས་ཟིན་པའི་བསམ་སྦྱོར་འོག་མི་མང་ལ་ནུས་སྟོབས་ཅི་གང་མེད་པ་དེ་བོད་ཀྱི་གནད་དོན་གྱི་ཉེན་ཚབས་ཤིག་ཡིན་པ་དང་། ཁ་སང་བོད་ལ་ཅི་བྱུང་བ་དེ་སང་ཉིན་ང་ཚོའི་རྒྱལ་ཁབ་ཁག་ལའང་འབྱུང་ངེས་རེད།” ཅེས་བྲིས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ཨོ་རྩལ་འགྲན་ཚོགས་ནང་རྩེད་འགྲན་བྱ་བའི་ཐོབ་ཐང་ཡོད་པ་ཤེས་ཀྱི་ཡོད་མོད། ཐེངས་འདིའི་ཉན་ཞིབ་ལས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་(IOC)ནས་ཡོངས་ཁྱབ་རིམས་ནད་དང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་གནད་དོན་ཐོག་ཐད་ཀར་འགན་ཡོད་མཁན་སྲིད་གཞུང་ཞིག་ལ་ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་པ་ཚོགས་བཅུག་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཆེ་མཐོང་ལ་སྣང་ཆུང་གཏོང་མི་རུང་བའི་ཉེན་བརྡ་བཏང་ནས་གནད་དོན་འདི་སྔར་ལྷག་གིས་གསལ་འདོན་གནང་ཡོད།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ཅི་བྱས་མིན་གྱི་གནད་དོན་ཐོག སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་སི་མེ་ཐི་མཆོག་ནས། སླར་ཡང་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་གདན་ཞུ་(01:59:15)ཞུས་ནས། དཀའ་ཉེན་གྱི་གནས་སྟངས་བཤད་གསལ་དང་བདེན་དཔང་གནང་དོན། “ས་ཆ་གང་དང་དུས་ནམ་ཞིག་ལ་བདེན་དབང་བྱ་དགོས་ནའང་། གལ་ཏེ་ཁོ་ཚོ་ཡོང་འདོད་ཚེ། སྒོ་མོ་ཕྱེ་ནས་ཡོད་ལ། ང་ཚོས་དེ་ལྟར་བྱ་ངེས་ཡིན། ཨ་རིའི་ཚོགས་སྡེ་ཁག་ཡིན་ནའང་དེ་མཚུངས་ཡིན།”
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། མི་སྒེར་དང་སྒྲིག་འཛུགས་ཁག་གི་དབུ་ཁྲིད་རྣམས་པས་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་གི་གཞི་རྩའི་ཆེ་མཐོང་ལ་བརྩི་བཀུར་དང་མཐོང་ཆེན་གྱིས། ཕྱི་ལོ་༢༠༢༢ ལོར་འཚོགས་འཆར་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་འགོག་རྒོལ་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།
རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་བློ་ཧུར་བོའི་སྒོ་ནས་ཨོ་རྩལ་འགྲན་ཚོགས་ཀྱི་གཞི་རྩའི་ཁྲིམས་ཡིག་རྩ་འཛིན་རྩིས་མེད་གཏོང་གི་ཡོད་པ་དང་། ཨོ་རྩལ་གྱི་ཁྲིམས་ཡིག་ནང་། “ཨོ་རྩལ་གྱི་དམིགས་ཡུལ་ནི་རྩེད་འགྲན་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཡར་རྒྱས་འཆམ་མཐུན་ཡོང་ཐབས་ཀྱི་ཞབས་འདེབས་ཞུ་རྒྱུ་དང་། འགྲོ་བ་མིའི་ཆེ་མཐོང་འགན་སྲུང་གཙོར་བྱས་ཞི་བདེའི་སྤྱི་ཚོགས་གོང་སྤེལ་གཏོང་ཐབས་ཤིག་ཡིན་” པ་གསལ་ཡོད།
དེ་བས་ཕྱིལོ་༢༠༢༢ ལོའི་དགུན་ཁའི་ཨོ་རྩོལ་འགྲན་ཚོགས་དེ། དུས་རབས་༢༡ པའི་ནང་འགྲོ་བ་མིའི་རིགས་ལ་རྒོལ་བའི་ཁྲིམས་འགལ་ཉེས་གསོག་དང་མི་རིགས་རྩ་མེད་བཟོ་མཁན་སྲིད་གཞུང་ཞིག་ལས། འགྲོ་བ་མིའི་ཆེ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སྲོག་ཤིང་གཙིགས་ཆེར་འཛིན་མཁན་དང་ཨོ་རྩལ་འགྲན་ཚོགས་ལ་བརྩི་མཐོང་གནང་མཁན་གྲོང་ཁྱེར་གཞན་པར་བརྒྱུད་སྤྲོད་བྱ་བར་ད་དུང་དུས་ཡུན་གང་འཚམ་ཡོད་པ་རེད།
ཕྱི་ལོ་༢༠༢༡ ཟླ་༥ བའི་ཚེས་༢༤ ཉིན།