རྒྱ་གཞུང་གིས་ཕྱི་ཟླ་༧ཚེས་༢༠ནས་གསེར་རྟ་བླ་རུང་སྒར་གཏོར་འགོ་བཙུགས་པ་ནས་ཟླ་ངོ་གཅིག་ཀྱང་མ་འགོར་པར། ཟླ་འདིའི་ཕྱི་ཚེས་༡༩ཉིན། བཙུན་མ་ཚེ་རིང་སྒྲོལ་མས་ཞེས་པ་དང་སེམས་དགའ། གཞན་ཡང་མིང་དུས་སོགས་གསལ་ཁ་མེད་པ་ཞིག་གིས་རང་ཤི་རྒྱབ་གྲབས་བྱས་པ།ཟླ་སྔོན་མའི་ཕྱི་ཚེས་༢༠ཉིན་རིག་འཛིན་སྒྲོལ་མས་རང་ཤི་རྒྱབ་པ་བཅས། དུས་ཡུན་ཐུང་ཐུང་ཟླ་ངོ་གཅིག་གི་རིང་བཙུན་མ་གསུམ་གྱི་ཚེ་སྲོག་ཤོར་ཅིང་། གཅིག་ལ་སྲོག་ཉེན་བྱུང་གྲབས་བྱས་འདུག་པའི་གནས་སྟངས་ལ་རྒྱ་གཞུང་གིས་སྡུག་གྱོང་རེད་ཅེས་ལན་སྤྲད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གནས་ལྟར་ན། ཕྱི་ཟླ་༨ཚེས་༡༩ཉིན(ཨེ་གླིང་ལྟར་ན་ཕྱི་ཚེས་༡༧ཉིན་བྱུང་བ་གསལ་)། གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོ་འདུ་གླིང་དུ་སློབ་གཉེར་གནང་བཞིན་པའི་བཙུན་མ་ཚེ་རིང་སྒྲོལ་མས་བླ་རུང་སྒར་མུ་མཐུད་གཏོང་བཞིན་པའི་གནས་སྟངས་ལ་ལྟ་བཟོད་དང་སྡིག་སྲན་མ་ཐེག་པར་སྐེ་ལ་གནམ་ཐག་གོན་ནས་རང་ཤི་རྒྱབ་ཅིང་། མོས་ཤི་ཁར་ཁ་ཆེམས་ཤིག་ཡི་གེ་ཞིག་བཞག་པ་ཡོད་པའི་ནང་དུ། གཙོ་བོ་ད་ནི་རྒྱ་ནག་གཞུང་གིས་སྡོད་བཟོད་མེད་པ་བཟོ་བཞིན་འདུག གྲྭ་ཤག་ཚང་མ་གཏོར་འགྲོ་བཞིན་འདུག་ཅེས་འཁོད་ཡོད་འདུག
བཙུན་མ་ཚེ་རིང་སྒྲོལ་མ་ནི་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཕྱོགས་ནས་ཡིན་ཞིང་ད་ལྟ་རང་ལོ་༢༠ཙམ་རེད་འདུག
གཞན་ཡང་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་འཁོད་གསལ་ལྟར་ན། འཛམ་ཐང་རྗོང་རྐ་མདའ་མདོ་བ་ཕྱོགས་ནས་ཡིན་པའི་བཙུན་མ་སེམས་དགའ་ཟེར་བ་ཞིག་གིས་ཀྱང་རང་སྲོག་བཅད་ཡོད་ཅིང་། ཚེ་རིང་སྒྲོལ་མས་རང་སྲོག་བཅད་པའི་ཉིན་གཉིས་ཀྱི་སྔོན་དེ་ཕྱི་ཚེས་༡༧ཉིན། བཙུན་མ་གཞན་གིས་ཀྱང་རང་སྲོག་གཅོད་གྲབས་བྱེད་པ་གཡས་གཡོན་གྱི་བཙུན་མ་ཚོས་མཐོང་ནས་མྱུར་སྐྱོབ་གནང་ཡོད་འདུག་པ་བཅས། ད་སྔ་བར་རང་སྲོག་བཅད་ཟིན་པ་དང་གཅད་གྲབས་བྱས་པའི་བཙུན་མ་ཚོའིགཅིག་མཐུན་གྱི་དགོངས་ཚུལ་ནི། ཆོས་ཀྱི་སློབ་གཉེར་བྱེད་སའི་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བ་དང་འབྲེལ་བ་དམ་ཟབ་ཡོད་པ་གསལ་འདུག
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར། གོང་གི་བཙུན་མ་ཚེ་རིང་སྒྲོལ་མས་རང་སྲོག་བཅད་པའི་དོན་རྐྱེན་དེ་བྱུང་རྗེས། བླ་རུང་སྒར་གྱི་བཙུན་མ་ཚོས་ས་གནས་སྲིད་གཞུང་གི་ལས་བྱེད་ལ་ཞུ་གཏུག་བྱས་སྐབས། གྲྭ་ཤག་གཏོར་བཤིག་དང་འབྲེལ་ནས་སེམས་སྡུག་དང་རང་སྲོག་བཅད་པ་དེ་ནི་སྡུག་གྱོང་རེད་ཅེས་ལན་སྤྲད་འདུག