གསར་འགོད་ལས་རིགས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཀྱི་གསར་འགོད་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་ཕྱི་ཟླ་ ༡༡ པའི་ཚེས་ ༢༢ ནས་ ༢༤  བར་དུས་ཡུན་ཉིན་གྲངས་གསུམ་གྱི་རིང་ལ་གསར་འགོད་ལས་རིགས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས།

ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་བཞིན་པ།

ཐེངས་འདིའི་གསར་འགོད་ལས་རིགས་ཀྱི་ཟབ་སྦྱོང་དེ་ཉིད་བརྗོད་གཞི་ཆེ་ཁག་གཉིས་སུ་ཕྱེས་ཤིང་ཐོག་མའི་ཉིན་གཉིས་ཀྱི་རིང་བོད་དོན་རྒྱབ་སྐྱོར་བ་དང་གསར་འགོད་པ་སྐུ་ཞབས་ཨ་མི་ཏབ་སན་ཡལ་ Amitava Sanyal ལགས་ཀྱིས་‘གསར་འགོད་ལས་རིགས་ཀྱི་རྨང་གཞིའི་’སྐོར་ཟབ་ཁྲིད་གནང་བ་དང་ཉིན་མཐའ་མར་གསར་འགོད་པ་གྲགས་ཅན་ལྕམ་ཤོ་མ་ཅོ་དྷུ་རི་ Shoma Chaudhury ལགས་ཀྱིས་‘གསར་འགོད་ལས་རིགས་ཀྱི་གནས་ཚུལ་ཞིབ་དཔྱོད་’སྐོར་ལ་ཟབ་ཁྲིད་གནངས་སོང་། 

ཉིན་གསུམ་གྱི་ཟབ་སྦྱོང་དེར་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་བརྙར་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་། ཕ་ཡུལ། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་སོགས་ཀྱི་གསར་འགོད་པ་དང་ཉམས་གསོག་སྦྱོང་བརྡར་བ་བཅས་ཁྱོན་མི་གྲངས་སུམ་ཅུ་ཙམ་མཉམ་ཞུགས་གནང་ཡོད་པ་རེད། 

ཟབ་སྦྱོང་ནང་དུ་བཙན་བྱོལ་བོད་མིའི་གསར་འགོད་པ་རྣམས་ཀྱིས་“སྤྱི་ཚོགས་ཀྱི་ངོ་ཚབ་བྱེད་པ་”དང་“སྤྱི་ཚོགས་ཀྱི་གནད་དོན་གླེང་བ་”གཉིས་ཀྱི་གདམ་ཁའི་བར་འཕྲད་པའི་དམིགས་བསལ་དཀའ་ཁག་གིོ་སྐོར་དང་། སྤྱི་ཚོགས་ཀྱི་ཁེ་ཕན་དང་སྒེར་གྱི་གསང་རྒྱའི་བར་སྙོམ་སྒྲིག་བྱེད་ཐབས། ཕྱོགས་ལྷུང་གི་དུས་རབས་དང་དྲང་བདེན་གྱི་ཕོངས་བའི་སྤྱི་ཚོགས་ཁྲོད་གསར་འགོད་ལས་རིགས་ཀྱི་སྒེར་ཚུགས་འཛིན་ཐབས་སོགས་ཀྱི་ཐད་ལ་ཟབ་ཁྲིད་བྱས། དེ་བཞིན་གསར་འགོད་པའི་གནས་ཚུལ་ཞིབ་དཔྱོད་བྱས་པ་ཡིས་སྤྱི་ཚོགས་ཁྲོད་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་བར་ཇི་ཙམ་ཕན་ཐོགས་ཡོད་པ་དང་དེའི་གལ་ཆེའི་གནད་དོན་ཐད་དངོས་ཡོད་དཔེ་མཚོན་དང་སྦྲགས་ཏེ་འགྲེལ་བརྗོད་གནང་སོང་། 

ཐེངས་འདིའི་ཟབ་སྦྱོང་ལ་ཆེད་དུ་གདན་འདྲེན་ཞུས་པའི་ཁྱད་སྟོན་པ་ཨ་མི་ཏབ་སན་ཡལ་དང་ཤོ་མ་ཅོ་དྷུ་རི་རྣམ་གཉིས་ཡིན། ཨ་མི་ཏབ་སན་ཡལ་ལགས་ལ་མི་ལོ་ཉི་ཤུ་རྩ་ལྔ་ལྷག་གི་གསར་འགོད་ལས་རིགས་ཀྱི་ཉམས་མྱོང་ལྡན་ཞིང་བོད་དང་འབྲེལ་བའི་ཆེད་རྩོམ་སྣ་མང་ཞིག་སྤེལ་མྱོང་ཡོད་པ་དང་།  ཁོང་ནི་བོད་ཀྱི་གྲོགས་པོ་ Friends of Tibet ཞེས་པའི་ཞིབ་འཇུག་སྡེ་ཁག་འཛུགས་མཁན་གྱི་གྲས་ཡིན། 

ཤོ་མ་ལགས་ཀྱིས་འཆར་རིས་བརྒྱུད་ནས་ཟབ་ཁྲིད་གནང་བཞིན་པ།

ཁྱད་སྟོན་པ་ཤོ་མ་ཅོ་དྷུ་རི་ལགས་ནི་ཨ་རིའི་གསར་ཁང་ Newsweek གི་༢༠༡༡ ལོའི་འཛམ་གླིང་གི་བུད་མེད་ཤུགས་རྐྱེན་ཆེ་ཤོས་ ༡༥༠ ཡི་ཁོངས་སུ་བདམས་ཡོད་ཅིང་ཁོང་ལ་སྔ་གཞུག་ཏུ་ཆབ་སྲིད་དང་ཁྲིམས་ལུགས་དང་འབྲེལ་བའི་གནས་ཚུལ་དཔྱད་ཞིབ་ཐད་གཟེངས་རྟགས་མང་པོ་ཐོབ་མྱོང་ཡོད། ཁོ་མོ་ནི་གསར་འགོད་དཔྱད་ཞིབ་བརྙན་དེབ་ཏཱེ་ཧལ་ཀ་ Tehelka གསར་འཛུགས་གནང་མཁན་དང་རྒྱལ་སྤྱིའི་སྣ་མང་བརྗོད་གཞིའི་གླེང་སྟེགས་ THiNK དང་ཤེས་རིག་གི་བདག་དབང་སྲུང་སྐྱོབ་བྱེད་པའི་རྩ་འཛུགས་ Lucid Lines Production ཞེས་པ་གསར་འཛུགས་གནང་མཁན་ཡིན་པ་རེད། ཉེ་དུས་ཁོ་མོས་ཡུ་ཊུབ་ནང་དུ་“ཤོ་མ་ཅོ་དྷུ་རི་དང་ལྷན་དུ་འདྲི་རྩད་བྱེད་པ་ Enquiry with Shoma Chaudhury”ཞེས་པའི་གསར་འགྱུར་གླེང་སྟེགས་ཤིག་གསར་དུ་སྒོ་འབྱེད་བྱས་ཡོད།  

to top