གསར་འགོད་གསལ་བསྒྲགས།

ནོར་ཝེ་རྒྱལ་ས་ཨོ་སི་ལོར་སྐོང་འཚོགས་བྱེད་བཞིན་པའི་༼འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྲུང་སྐྱོབ༽ཞེས་པའི་གློག་བརྙན་དུས་སྟོན་སྐབས་བོད་ཀྱི་གནད་དོན་གླེང་སློང་།

oslo_concertནོར་ཝེ་རྒྱལ་ས་ཨོ་སི་ལོར་༼འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྲུང་སྐྱོབ༽ཞེས་པའི་གློག་བརྙན་དུས་སྟོན་ཐོག བོད་ནང་སྨྲ་བརྗོད་རང་དབང་གནས་སྟངས་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་གནང་སྟེ། བོད་ནང་སྨྲ་བརྗོད་རང་དབང་སྤྲོད་དགོས་པའི་ཐད་རྒྱབ་སྐྱོར་ཡོང་བའི་རྒྱལ་སྤྱི་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད།

རྒྱ་གཞུང་གིས་བོད་ནང་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་ཀྱི་དངོས་བྱུང་གློག་བརྙན་༼བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ༽ ཞེས་པའི་དེ་ནི། ནོར་ཝེ་བོད་ཀྱི་རླུང་འཕྲིན་གིས་བཟོ་བསྐྲུན་བྱས་པ་ཞིག་ཡིན་ལ། ཐེངས་འདིའི་ཨོ་སི་ལོའི་གློག་བརྙན་དུས་སྟོན་སྟེང་ཐོག་མར་དབུ་འབྱེད་གཟིགས་འབུལ་ཞུ་བཞིན་ཡོད།

གློག་བརྙན་དུས་སྟོན་དེ་ནི་ཨོ་སི་ལོར་རྟེན་གཞི་བྱས་པའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་ཚོགས་པས་ཡུ་རོབ་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་དང་མཉམ་རུབ་ཐོག་གོ་སྒྲིག་བྱས་པ་ཞིག་ཡིན་ལ། གློག་བརྙན་དུས་སྟོན་སྐབས་རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་བྱེད་སྐུ་ཞབས་ཨོ་སི་ཌེན་ཨལ་མའེ་(Oystein Alme) ལགས་གཉིས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་། བོད་ཀྱི་གཞས་པ་གྲགས་ཅན་བློ་བསྟན་རྣམ་གླིང་ལགས་ཀྱིས་གཞས་སྣ་འཁྲབ་སྟོན་བཅས་གནང་རྒྱུ་རེད།

དེ་བཞིན། བདེ་ཆེན་སྤེན་པ་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པར་སྐྲུན་བྱས་པའི་ ༼སྨྲ་བརྗོད་རང་དབང་བཀག་སྡོམ༽ ཞེས་པའི་དེབ་ཀྱི་བརྗོད་དོན་ཁག་འགྲེལ་བརྗོད་དང་སྦྲགས། ནོར་ཝེ་ཡི་མང་ཚོགས་དང་གསར་འགོད་པ་རྣམས་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་། དེ་བཞིན། ནོར་ཝེ་ཡི་སྒྱུ་རྩལ་པ་ཧེལ་ཌི་རྒམ་ཨོ་ཡ་སེལ་(Hildegunn Øiseth)ལགས་ནས་ཀྱང་འཁྲབ་སྟོན་བཅས་གནང་རྒྱུ་ཡིན་ལ། ལས་འགུལ་གྱི་དམིགས་ཡུལ་ནི་དུས་སྟོན་དེ་བརྒྱུད་ནས་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་བ། ཤེས་ཡོན་པ་རྣམས་ཀྱིས་འཇིགས་ཞུམ་བྲལ་བའི་སྒོ་ནས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྣམས་ཡིག་ངག་གཉིས་ཐོག་ནས་གསལ་འདོན་གནང་བཞིན་པའི་སྙིང་སྟོབས་ལ་གུས་ཞབས་མཚོན་ཆེད་དང་། རྒྱ་གཞུང་གིས་ཁོང་རྣམས་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་འཛམ་གླིང་ལ་གསལ་སྟོན་ཡོང་ཆེད་ཡིན།

ནོར་ཝེ་རྒྱལ་ས་ཨོ་སི་ལོར་སྤེལ་བཞིན་པའི་བོད་དོན་བདེན་པའི་འཐབ་རྩོད་དང་འབྲེལ་བའི་བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་སྐོར་གྱི་རྒྱལ་སྤྱིའི་ལས་འགུལ་འདི་ཉིད་སྤེལ་མཁན་ནི། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་། རི་མཐོ་ས་གཙང་དྲ་རྒྱ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ཡིན་ལ། བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་ཐད་ཀྱི་ལས་འགུལ་ཐོག་མ་དེ། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བཞུགས་སྒར་རྡ་རམ་ས་ལར་སྤེལ་ཡོད།

ཨོ་སི་ལོར་བྱ་འགུལ་ལས་རིམ་གཤམ་གསལ།

གཅིག ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥། ༦། ༧ ཉིན་བཅས་ལ། རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་ཀྱིས་བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་ཐད་གཏམ་བཤད་གནང་རྒྱུ།
གཉིས། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༦། ༧། ༨། ༩ ཉིན་བཅས་ལ། གཞས་པ་བློ་བསྟན་རྣམ་གླིང་ལགས་ཀྱིས་གཞས་སྣ་འཁྲབ་སྟོན་བྱེད་རྒྱུ།
གསུམ། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༦ ཉིན། བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་རྒྱུ།
(དྲ་ཐག http://www.kinovictoria.no/?articleId=1148851)

ཟུར་བཀོད་འབྲེལ་ཡོད་དྲ་ཐག
གཅིག འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྲུང་སྐྱོབ་ཞེས་པའི་གློག་བརྙན་དུས་སྟོན་གྱི་ལས་འཆར་ཞིབ་ཕྲ། (དྲ་ཐག http://issuu.com/dokumentarkino/docs/hrhw_feb_2014_program_web ལ་གཟིགས།)

གཉིས། བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་གནས་སྟངས་ཁྱབ་སྤེལ་དང་འབྲེལ་བའི་རོལ་དབྱངས་འདུ་འཛོམས་ལས་རིམ་ཁག་གི་གནས་ཚུལ།
(དྲ་ཐག http://issuu.com/dokumentarkino/docs/hrhw_feb_2014_program_web
ལ་གཟིགས། )
གསུམ། བོད་ནང་གི་སྨྲ་བརྗོད་རང་དབང་བཀག་སྡོམ་ཞེས་པའི་དབྱིན་ཡིག་དེབ་ཆ་ཚང་།
(དྲ་ཐག http://issuu.com/vottibet/docs/tchrd_bookfinal_1?e=10175502/5950727 ལ་གཟིགས།)

གསར་འགོད་པས་འབྲེལ་གཏུགས་བྱ་ཡུལ།
བསོད་ནམས་དབང་འདུས། (ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།) +91 9805666844
བདེ་ཆེན་སྤེན་པ། (རི་མཐོ་ས་གཙང་དྲ་རྒྱ།) +47 93966674
བློ་བསྟན་རྣམ་གླིང་། (གཞས་པ།) +47 93966673
ཨོ་སི་ཌིན་ཨ་མེལ། (ཨོ་སི་ལོར་ལས་འགུལ་གོ་སྒྲིག་པ།) +47 99378097
བསྟན་འཛིན་ཉིན་བྱེད། (བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། +91 98168-42395

ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༤ ཉིན།

to top