——༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༡༨ འཁོར་བའི་གདུང་འབོད་རྗེས་དྲན།
དེ་རིང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་ནི། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་འོག་གར་སོང་ཆ་མེད་གྱུར་ནས་མི་ལོ་ ༡༨ འཁོར་བའི་ཉིན་མོ་ཡིན་ལ། ༸པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་མི་ས་ཡ་དྲུག་གི་སེམས་ཁོང་ན་ནམ་ཡང་ལ་བ་མེད་པའི་བོད་ཆོས་ཀྱི་དབུ་ཁྲིད་གལ་ཆེ་ཆོས་ཤིག་ཆགས་ཡོད་སྟབས། “གནམ་ལ་ཉི་ཟླ་ཟུང་གཅིག ། ས་ལ་རྒྱལ་བ་པཎ་ཆེན།། ” ཞེས་བོད་ཁམས་ཡོངས་སུ་གྲགས་ཡོད།
ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན། དགུང་ལོ་ ༦ ལ་སོན་མ་ཐག་པའི་༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཕ་མ་ནང་མི་དང་བཅས་པ་རྒྱ་གཞུང་གི་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ༸པཎ་ཆེན་ཆུང་སྲིད་མཆོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དེ་ནི། ༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་ཡོངས་བསྒྲགས་གནང་བའི་རྗེས་ཀྱི་ཉིན་གསུམ་པ་དེ་ཆགས་ཡོད།
འདིར་བཀོད་པའི་ ༼པཎ་ཆེན་ལགས༽ཞེས་པའི་གཞས་དེ་ནི། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། ད་ལྟ་ཆར་གར་སོང་ཆ་མེད་དུ་གྱུར་པའི་ཁོང་གི་ཡང་སྤྲུལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྣམ་གཉིས་དྲན་པའི་གདུང་འབོད་ཀྱི་གཞས་ཤིག་ཡིན་ལ། གཞས་འདི་ལེན་མཁན་ནི་ཁྲི་འདུ་རྫོང་རྫ་སྟོད་ཞང་གི་གཞས་པ་ལོ་ལོ་ལགས་དང་། གཞས་ཚིག་རྩོམ་མཁན་ནི་དཀར་མཛེས་ཉ་མཚོ་དགོན་པའི་གྲྭ་བློ་བཟང་སྦྱིན་པ་ལགས་ཡིན།
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༣ ཉིན། རྒྱ་གཞུང་གིས་རང་ལོ་ ༣༠ ཡིན་པའི་གཞས་པ་ལོ་ལོ་ལགས་ལ་ལོ་ ༦ དང་། རང་ལོ་ ༣༡ པའི་གཞས་ཚིག་རྩོམ་པ་པོ་གྲྭ་བློ་བཟང་སྦྱིན་པ་ལགས་ལ་ལོ་ ༥ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
གཞས་འདིས་བརྗོད་དོན་གཙོ་བོ་བོད་མིའི་ཆོས་ཀྱི་དབུ་ཁྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་ད་དུང་གར་སོང་ཆ་མེད་འོག་གནས་ཡོད་པ་མ་ཟད། ༸པཎ་ཆེན་དྲན་གཞས་འདིའི་གཞས་ཚིག་རྩོམ་མཁན་དང་གཞས་ལེན་མཁན་གཉིས་ཀྱང་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་པ་འདིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཁྲིམས་མེད་ལུགས་མེད་ཀྱི་དྲག་གནོན་སྲིད་ཇུས་ཀྱི་ངོ་གདོང་རྗེན་པར་བསྟན་ཡོད།
པཎ་ཆེན་ལགས།
<iframe width=”420″ height=”315″ src=”http://www.youtube.com/embed/JXMmFCFFgSY” frameborder=”0″ allowfullscreen></iframe>
བསིལ་ལྡན་ཁ་བ་དཀར་པོ་བརྗིད་ཆགས་ཤིང་། །
ལོ་རྒྱུས་རྡོ་རིང་བརྩེགས་པའི་མ་མཐའ་ནས།།
ཤ་ཞེན་བོད་ཀྱི་དྲོད་ཁོལ་མ་ཡལ་བ།།
གངས་ཅན་དཔའ་བོ་པཎ་ཆེན་ཨེར་ཏི་རྒྱལ།།
ཡོད་ཚད་ཁྲག་དྲི་བྲོ་བའི་མཐུ་འོག་ནས།།
ལུགས་གཉིས་རྡོ་ལ་བརྡབས་པའི་རྨ་ཁ་ནས།།
ལ་རྒྱའི་ཀི་སྒྲ་སྙན་མོ་དགུང་ནས་བཏབ།།
རྗེས་ལུས་གོམ་ཁ་ལྡོག་པའི་སེམས་དཔའ་ལགས།།
ལས་འབྲས་ལོག་ཅན་དགྲ་བོ་ཇག་ཚོགས་ཀྱིས།།
བཙན་གནོན་གཡོ་སྒྱུ་འཁྲབ་པའི་འཐབ་ར་ནས།།
སྐུ་སྲོག་དམར་པོ་བདེན་རྫུན་དཔང་དུ་ཕུལ།།
ཉེར་གཅིག་དུས་ཀྱི་ཕོ་ཉ་ཁྱོད་མིན་སུ།།
དགྱེས་ཞལ་དུང་ཟླ་ནུབ་རི་བརྒལ་ན་ཡང་།།
མིག་ཆུའི་ཀློང་ནས་ཡང་སྲས་རེ་སྒུག་རིང་།།
གསར་ཚེས་འོད་སྣང་དགྲ་གཅན་སྨག་གིས་བཟུང་།།
གངས་ཅན་བོད་པའི་སེམས་ཁམས་སྔར་ལ་གྲང་།།