གཏེར་ཁ་སྔོག་འདོན་གྱི་རྐྱེན་པས་མི་ཕྱུགས་ཚང་མར་ཉེན་ཁ་འཕྲལ་བཞིན་འདུག

གཏེར་ཁ་སྔོག་འདོན་ཚན་པའི་དུག་རྫས་རྒྱུག་ཆུའི་ནང་བཞུར་བཅུག་ནས་ཉ་མང་པོ་བསད་པ་དང་། ས་གནས་མི་ཕྱུགས་གཉིས་ཀར་དཀའ་ཉེན་འཕྲད་བཞིན་པར་འདུ་འཛོམས་ཞི་རྒོལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པ།
གཏེར་ཁ་སྔོག་འདོན་ཚན་པའི་དུག་རྫས་རྒྱུག་ཆུའི་ནང་བཞུར་བཅུག་ནས་ཉ་མང་པོ་བསད་པ་དང་། ས་གནས་མི་ཕྱུགས་གཉིས་ཀར་དཀའ་ཉེན་འཕྲད་བཞིན་པར་འདུ་འཛོམས་ཞི་རྒོལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པ།

བོད་མདོ་ཁམས་མི་ཉག་ལྷ་སྒང་དུ་གཏེར་ཁ་སྔོག་འདོན་གྱི་དུག་རྫས་རྒྱུག་ཆུའི་ནང་བཞུར་ཏེ་ཉ་མང་པོ་ཤི་སྐྱོན་དང་། ས་གནས་ཀྱི་མི་ཕྱུགས་གཉིས་ཀའི་ཚེ་སྲོག་ལ་ཉེན་ཁ་འཕྲད་བཞིན་པ་དེར། ས་གནས་བོད་མི་ཚོས་ཞི་བའི་འདུ་འཛོམས་ངོ་རྒོལ་དང་རང་ནུས་གང་ཡོད་ཀྱིས་གཙང་བཟོ་བྱེད་ཀྱིན་པ་དེར། ས་གནས་རྒྱ་གཞུང་གིས་དྲག་ཆས་སྤྲས་པའི་དམག་མི་བཏང་སྟེ་བོད་མིའི་ཁོར་ཡུག་སྲུང་སྐྱོབ་ལ་བཀག་སྡོམ་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣ ཉིན། བོད་མདོ་ཁམས་དཀར་མཛེས་ཁུལ་མི་ཉག་ལྷ་སྒང་དུ་རྒྱ་གཞུང་གིས་ཡང་བསྐྱར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་མགོ་བརྩམས་ཡོད་པ་དང་། གཏེར་ཁ་སྔོག་འདོན་ཚན་པས་ཁོར་ཡུག་སྲུང་སྐྱོབ་སྣང་མེད་དུ་བཏང་སྟེ་རྫས་འགྱུར་དུག་ཆུ་རྒྱུགས་ཆུའི་ནང་བཞུར་བཅུག་པར་བརྟེན་ནས་རྒྱུགས་ཆུའི་ནང་གི་ཉ་མང་པོ་ཤི་ཡོད་པ་མ་ཟད། ས་གནས་ཀྱི་མི་ཕྱུགས་གཉིས་ཆར་གནོན་སྐྱོན་ཐེབས་ཉེན་ཡོད་སྟབས། ཕྱི་ཚེས་ ༤ ཉིན་ས་གནས་བོད་མི་མང་པོ་འདུ་འཛོམས་ཀྱིས་གཞུང་ལམ་སྟེང་བཙོག་སྟེ་ཞི་བའི་ངོ་རྒོལ་གནང་སྟེ། ཕ་ས་ཕ་ཡུལ་གཏོར་བརླག་གཏོང་མི་ཆོག་པ་དང་། ཁོར་ཡུག་ལ་གནོད་སྐྱོན་གཏོང་མི་ཆོག་པ། རྒྱུག་ཆུ་འབག་བཙོག་བཟོས་ཏེ་ཉ་མང་པོ་ཤི་སྐྱོན་བྱུང་བཞིན་པ་མཚམས་འཇོག་བྱ་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

དེ་བཞིན། ས་གནས་བོད་མི་རྣམས་ཀྱིས་ཉ་བཟའ་མཁན་སྲོག་ཆགས་གཞན་གྱི་ཚེ་སྲོག་ལ་གནོད་སྐྱོན་མི་ཆེད། དུག་ཆུས་ཤི་སྐྱོན་བྱུང་བའི་ཉ་རྣམས་ཆུ་ནང་ནས་བསྒྲུགས་ཏེ་གཙང་བཟོ་དང་། ཉ་གསོན་པོ་རྣམས་བཟུང་སྟེ་རྒྱུག་ཆུ་གཞན་པའི་ནང་བསྐྱལ་ཏེ། མི་ཕྱུགས་གཉིས་ཀྱི་ཚེ་སྲོག་གི་ཉེན་ཁ་སེལ་ཐབས་དང་། རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་དང་རང་བྱུང་ཁོར་ཡུག་སྲོང་སྐྱོབ་བྱེད་བཞིན་ཡོད་འདུག ཡིན་ནའང་། ས་གནས་རྒྱ་གཞུང་གིས་དྲག་ཆས་སྤྲས་པའི་དམག་མི་མང་པོ་བཏང་སྟེ། བོད་མི་ཞི་རྒོལ་མང་ཚོགས་ཀྱི་མཐའ་ནས་སྐོར་ཞིང་འཇིགས་རྔམ་བསྟན་དེ། མང་ཚོགས་ཀྱི་ཞི་རྒོལ་ལ་དྲག་གནོན་བྱེད་ཉེན་ཡོད་པ་སོགས་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་འདུག

བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེའི་སྐོར་གྱི་བརྙན་ཐུང་དང་པར་རིས་ཁག་ཅིག་ལས། བོད་མི་བརྒྱ་སྐོར་ཅིག་གཞུང་ལམ་སྟེང་འདུ་འཛོམས་ཐོག བུད་མེད་མང་པོ་ཞིག་གཞུང་ལམ་སྟེང་བཙོག་པུར་བསྡད་དེ་མདུན་དུ་ཉ་རོ་མང་པོ་བཞག་ནས་ཐབས་ཟད་ཨུ་ཐུག་གིས་ངུ་འབོད་བྱེད་བཞིན་པ་དང་། ཉེ་འཁོར་རྣམས་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མི་མང་པོ་བསྐོར་ཡོད་པ་མ་ཟད། ཉེན་རྟོག་པ་འགའ་ཤས་བཙོག་པུར་བསྡོད་པའི་མང་ཚོགས་ཀྱི་འདུ་འཛོམས་ཁྲོད་འཚང་འོང་སྟེ་འབུད་རྒྱག་གཏོང་བཞིན་པ་གསལ་བོར་མཐོང་ཐུབ་ཀྱི་འདུག

ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ས་གནས་དེར་གཏེར་ཁ་བསྔོག་འདོན་བྱེད་མགོ་བརྩམས་ཡོད་པ་དང་། གཏེར་ཁ་སྔོག་སའི་ས་ཆ་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གར་རྒྱ་ཁ་ཟེར་བའི་ས་ཆ་དེ་ཡིན་འདུག

ས་གནས་རྒྱ་གཞུང་གིས་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མི་མང་པོ་མང་པ་བཏང་སྟེ་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དག་ལ་འཇིགས་སྐུལ་དྲག་གནོན་བྱེད་བཞིན་པ།
ས་གནས་རྒྱ་གཞུང་གིས་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མི་མང་པོ་མང་པ་བཏང་སྟེ་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དག་ལ་འཇིགས་སྐུལ་དྲག་གནོན་བྱེད་བཞིན་པ།

རྒྱ་ནག་གི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས>> གྱི་དོན་ཚན་ ༣༢ པར་ “གཏེར་རྫས་ཐོན་ཁོངས་བསྔོག་འདོན་སྐབས། ངེས་པར་དུ་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་བརྩི་སྲུང་ཐོག ཁོར་ཡུག་འབག་བཙོག་སྔོན་འགོག་བྱ་དགོས།” ཞེས་བརྗོད་ཡོད་པ་དང་། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས>> གྱི་དོན་ཚན་ ༥ པའི་ནང་། “སྡེ་ཁག་དང་མི་སྒེར་ཚང་མར་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡོད། ” དོན་ཚན་ ༥༣ པར་ “སྤྱི་དམངས་དང་ཁྲིམས་འགན་མི་སྣ། གཞན་པའི་སྡེ་ཁག་བཅས་ནས་ཁྲིམས་ལྟར་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་དང་། ཁོར་ཡུག་སྲུང་སྐྱོབ་ཐད་མཉམ་ཞུགས་དང་ལྟ་སྐུལ་ཐོབ་ཐང་ཡོད། ” ཅེས་བརྗོད་ཡོད།

གཏེར་ཁ་སྔོག་འདོན་ཚན་པས་ཁོར་ཡུག་སྲུང་སྐྱོབ་སྣང་མེད་ཀྱིས་རྒྱུག་ཆུ་འབག་བཙོག་བཟོས་ཏེ། ས་གནས་མང་ཚོགས་དང་སྲོག་ཆགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་བཟོས་པ་དེར། བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་བའི་འདུ་འཛོམས་ངོ་རྒོལ་གནང་བ་དེ་ནི་ཁྲིམས་མཐུན་ཡིན་པ་མ་ཟད། བོད་མི་ཚོས་དུག་ཆས་བསད་པའི་ཉ་རོ་རྣམས་གཙང་བཟོ་དང་ཤི་མེད་པའི་ཉ་རྣམས་རྒྱུག་ཆུ་གཞན་པར་བསྐྱལ་ཏེ། རང་ནུས་གང་ཡོད་ཀྱིས་ཁོར་ཡུག་འབག་བཙོག་གི་ཉེན་ཁ་སྔོན་འགོག་དང་ཉ་གཙོས་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་སྲུང་སྐྱོབ་བྱས་པ་དེར་བསྟོད་བསྔགས་བྱ་དགོས་ཞིག་ཆགས་ཡོད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས>> ཀྱི་དོན་ཚན་ ༡༡ པའི་ནང་དུའང་། “ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་ཐད་གྲུབ་འབྲས་མངོན་གསལ་ལྡན་པའི་སྡེ་ཁག་དང་མི་སྒེར་ལ་མི་དམངས་སྲིད་གཞུང་གིས་བྱ་དགའ་སྤྲོད་དགོས།” ཅེས་འཁོད་ཡོད་པ་རེད།

ས་གནང་བོད་རིགས་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་བའི་འདུ་འཛོམས་ངོ་རྒོལ་བྱེད་བཞིན་པ།
ས་གནང་བོད་རིགས་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་བའི་འདུ་འཛོམས་ངོ་རྒོལ་བྱེད་བཞིན་པ།

ཡིན་ནའང་། ས་གནས་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ལས་ལྡོག་སྟེ། ཁོར་ཡུག་གཏོར་སྐྱོན་བཟོ་མཁན་གཏེར་འདོན་ཚན་པའི་རྒྱབ་རྩར་ལངས་ཏེ། དྲག་ཆས་སྤྲས་པའི་དམག་མི་ཆེད་གཏོང་གིས་བོད་མི་ཚོར་འཇིགས་སྐུལ་དང་སུན་གཙེར་བཟོ་བཞིན་ཡོད། ས་གནས་རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་གི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཁག་གི་གཏན་འབེབས་རྩིས་མེད་རྡོག་རོལ་བ་ཞིག་ཆགས་ཡོད་པ་མ་ཟད། འགྲོ་མིའི་ཡ་རབས་བཟང་སྤྱོད་མཐའ་དག་རྩ་གཏོར་གཏོང་བའི་ཉེས་སྤྱོད་ཅིག་ཆགས་ཡོད།

ཚུལ་མཐུན་མ་ཡིན་པའི་སྒོ་ནས་གང་བྱུང་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས། བོད་ཀྱི་ཁུལ་ཁག་ནང་ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བ་དང་ཚེ་སྲོག ཁོར་ཡུག་བཅས་ལ་གཏོར་སྐྱོན་ཚབ་ཆེན་ཐེབས་ཀྱིན་གནས་ཚུལ་མང་པོ་འཐོན་བཞིན་ཡོད་པ་ལྟར། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་སོ་སོའི་འབྲེལ་ཡོད་ཁྲིམས་ཡིག་ཁག་ནང་གཏན་འབེབས་བྱས་པའི་ཁས་ལེན་རྣམས་དངོས་ཡོད་ལག་ལེན་གྱི་སྒོ་ནས། བོད་ནང་རྒྱུག་ཆུ་དང་ས་ཆ་འབག་བཙོག་གིས་མཚོན་པའི་ཁོར་ཡུག་གཏོར་སྐྱོན་ཕྱིན་ཏེ། ས་གནས་བོད་མི་མང་ཚོགས་ཀྱི་ཚེ་སྲོག་དང་འཚོ་གནས་ལ་ཉེན་འཕྲལ་བཞིན་གནས་སྟངས་རྣམས་མཚམས་འཇོག་དང་། ས་གནས་བོད་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འབད་རྩོད་མཐའ་དག་ལ་རྒྱབ་སྐྱོར་གྱིས། ཚུལ་མཐུན་མ་ཡིན་པའི་ཐོག་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་བྱ་སྤྱོད་རྣམས་བཀག་སྡོམ་དགོས་པར་སྐུལ་མ་བྱེད་ཀྱིན་ཡོད།

to top