ཁམས་རྟའུ་ས་ཁུལ་དུ་རྒྱ་དམག་གིས་དད་ལྡན་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་ཆོས་དད་རང་དབང་བཙན་འགོག་བྱས་འདུག

བོད་མི་ཡོངས་ཀྱིས་ ༸གོང་ས་སྐུ་ཕྲེང་རིམ་བྱོན་ནི་སོ་སོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བཟུང་སྟེ་སྐུའི་འཁྲུངས་སྐར་ལ་བསང་གསོལ་རྟེན་འབྲེལ་ཞུ་སྲོལ་ཡོད་པ་ལྟར།  ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྐུའི་འཁྲུངས་ཉིན་ལའང་།  བོད་ཕྱི་ནང་གཉིས་སུ་བོད་མི་སེར་སྐྱ་ཡོངས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བསང་གསོལ་རྟེན་འབྲེལ་གནང་གི་ཡོད། སྐུའི་འཁྲུངས་སྲུང་བརྩི་གནང་རྒྱུ་དེ་ནི་ཆབ་སྲིད་དང་འབྲེལ་མེད་པར་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་བྱེད་སྒོ་ཞིག་ཆགས་ཡོད་སྟབས།  བོད་མི་ཙམ་མ་ཡིན་པར་ཐ་ན་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་མི་མང་པོས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་ཡོད།  ཡིན་ནའང་།  རྒྱ་གཞུང་གིས་བོད་མིར་བཙན་གནོན་དབང་སྒྱུར་བྱ་ཆེད་ཆོས་ཀྱི་བྱེད་སྒོ་ཁག་ཀྱང་ཆབ་སྲིད་ལ་ཁ་གཡར་ཏེ་བཀག་སྡོམ་དམ་དྲག་བྱེད་བཞིན་ཡོད།

photo1ཕྱི་ཟླ་ ༧ ཚེས་ ༦ ཉིན་གྱི་ཞོགས་པར་ཁམས་རྟའུ་ཉ་མཚོ་དགོན་གྱི་གྲྭ་བ་དང་དགེ་ལྡན་ཆོས་གླིང་གི་བཙུན་མའི་གཙོས།  ས་གནས་སེར་སྐྱ་མི་མང་གིས་༸གོང་ས་མཆོག་འཁྲུངས་སྐར་སྲུང་བརྩིའི་ཆེད།  ཡུལ་དེའི་གནས་རི་འགངས་ཆེན་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་གཏོང་བར་ཕྱིན་སྐབས།  རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གིས་གནས་རི་རྨ་ཆེན་སྤོམ་རའི་རི་རྩེ་ཡོངས་སུ་བསྐོར་ཏེ་བསང་གསོལ་གཏོང་མ་བཅུག་པར་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར།  ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་སྐུ་གྲོངས་མཁན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་གཅུང་པོ་ཉ་མཚོ་དགོན་པའི་གྲྭ་བྱང་ཆུབ་རྡོ་རྗེ་ཡིས་མོ་ཊ་སྐོར་ཏེ་རི་རྩེར་འབྱོར་མ་ཐག  རྒྱ་གཞུང་གི་དམག་མིས་མོ་ཊའི་ལམ་བཀག་སྟེ་རྡོ་བཞུས་ནས་ཤེལ་སྒོ་སོགས་བཅག་པར་བརྟེན། ཤེལ་སྒོ་གཅོག་མཁན་དམག་མི་དང་མང་ཚོགས་བར་ཁ་རྩོད་ཤོར་ཡོད་པ་དང་།  སྐབས་དེར་གྲྭ་བཙུན་རྣམས་ཀྱིས་ཕན་ཚུན་བར་སྐད་ཆ་བཤད་དེ་ཞི་བའི་ཐོག་ནས་གནད་དོན་སེལ་ཐབས་བྱ་དགོས་པའི་རེ་སྐུལ་བཏོན་ཡོད་ཀྱང་།  རྒྱ་གཞུང་གི་དམག་མིས་སྣང་འཇོག་ཙམ་ཡང་མ་བྱས་པར་མང་ཚོགས་ཀྱི་ཐོག་ལ་གང་བྱུང་མེ་མདའ་བརྒྱབ་སྟེ་མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། མང་ཚོགས་ཁྲོད་མིག་སྦྲིད་བྱེད་ཀྱི་དུག་རླངས་བཏང་ནས་མང་ཚོགས་ལ་གཅར་རྡུང་དྲག་པོ་བྱས་ཏེ།  གྲྭ་བ་དང་མི་སྐྱ་མང་པོ་རི་མགོ་ནས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན།  རྒྱ་གཞུང་གི་དམག་མིས་མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་ཉ་མཚོ་དགོན་པའི་དགེ་བསྐོས་རྒྱ་མཚོ་དང་ཕྱག་མཛོད་ཟུར་པ་བཀྲ་ཤིས་བསོད་ནམས། གྲྭ་བྱང་ཆུབ་རྡོ་རྗེ། དེ་མིན་སྐྱང་གསོ་གྲོང་པའི་བཟང་པོ་དང་ཁོ་རོ་གྲོང་པའི་བཀྲ་ཤིས། བྲག་ཆུང་གྲོང་པའི་ཨོ་རྒྱན་བཀྲ་ཤིས། མདུན་སྐྱ་གྲོང་པའི་སྙན་གྲགས།  བཙུན་མ་སྒྲོལ་མ་བཅས་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། ཁོང་ཚོའི་གྲས་ནས་བྲག་ཆུང་གྲོང་པའི་ཨོ་རྒྱན་བཀྲ་ཤིས་ཀྱི་ལུས་སྟེང་ལ་མེ་མདས་ཐེངས་བརྒྱད་ལ་བཞུས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས།  ས་གནས་རྫོང་གི་སྨན་ཁང་ནང་མྱུར་སྐྱོབ་མ་ཐུབ་པར་ཁྲིན་ཏུའུ་གྲོང་ཁྱེར་སྨན་ཁང་ཞིག་ཏུ་ཁྲིད་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་རེད། དེ་བཞིན། མགོ་ལ་མདེའུ་ཕོག་མཁན་གྲྭ་བཀྲ་ཤིས་བསོད་ནམས་དང་རྨས་མ་གཞན་པ་ཞིག་དར་རྩེ་མདོ་རུ་ཁྱེར་ནས་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་པ་དང་།  དེ་མིན་རྨས་མ་གཞན་པ་རྣམས་ཀྱང་ཁུལ་དང་རྫོང་གི་སྨན་ཁང་སོགས་སུ་ཁྲིད་དེ་སྨན་བཅོས་བྱེད་བཞིན་ཡོད་འདུག  ཐེངས་འདིའི་མདའ་ཆར་དྲག་གནོན་འོག་རྨས་སྐྱོན་ཕོག་སྟེ་མྱུར་སྐྱོབ་བྱེད་བཞིན་པའི་རྨས་མ་ཚང་མའི་སྨན་བཅོས་འགྲོ་གྲོན་ཡོངས་རྫོགས་རྟའུ་ཉ་མཚོ་དགོན་པའི་ངོས་ནས་བཏང་ཡོད་འདུག

a_jiatashi
ལུས་སྟེང་དུ་མེ་མདས་ཐེངས་བརྒྱད་ལ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་མི་སྐྱ་བྲག་ཆུང་གྲོང་པའི་ཨོ་རྒྱན་བཀྲ་ཤིས།

ཛ་དྲག་གནས་ཚུལ་དེ་བྱུང་རྗེས་རྟའུ་ཉ་མཚོ་དགོན་པའི་ཆོས་རའི་ནང་གྲྭ་བ་དང་བཙུན་མ། མི་སྐྱ་མང་པོ་འདུ་འཛོམས་ཐོག  སྐུའི་འཁྲུངས་སྐར་གྱི་བསང་གསོལ་ཉིན་གནས་རི་རྨ་ཆེན་སྤོམ་རའི་སྒང་ནས་འཇུ་བཟུང་བཙན་ཁྲིད་བྱས་པའི་གྲྭ་བ་དང་མི་སྐྱ་རྣམས་ཀློད་གྲོལ་དགོས་པའི་འབོད་སྐུལ་དང་།  རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བཀག་སྡོམ་བཙན་གནོན་བྱེད་བཞིན་པའི་བྱ་སྤྱོད་དེར་ངོ་རྒོལ་སྐད་འབོད་སོགས་བྱས་ཡོད་པ་དང་།  སྐབས་དེར་རྒྱ་གཞུང་གིས་དམག་མི་མང་པོ་ཆེད་གཏོང་གིས་དགོན་པའི་མཐའ་སྐོར་ཏེ་དམ་དྲག་བྱས་ཡོད་ཀྱང་།  རྗེས་སུ་གཞུང་གིས་ཟིང་ཆ་ཆེ་རུ་འགྲོ་རྒྱུར་དོགས་ཏེ་མང་ཚོགས་ཞི་འཇགས་ཡོང་བར་མགོ་སྐོར་ཐབས་སུ།  དམག་མི་འགའ་ཤས་ཆེད་གཏོང་བྱས་ཏེ་དགོན་པའི་ཆོས་རའི་ནང་སེར་སྐྱ་མང་ཚོགས་ལ་དགོངས་དག་ཞུ་རུ་བཏང་ཡོད་པ་ལྟར།  དམག་མི་རྣམས་ཀྱིས་ཐེངས་འདིའི་དོན་རྐྱེན་དང་འབྲེལ་བའི་གནས་ཚུལ་ཅི་བྱུང་རྣམས་ལ་ཁོ་ཚོའི་ངོས་ནས་འགན་ལེན་བྱ་རྒྱུ་ཡིན་ཚུལ་བརྗོད་དེ་མང་ཚོགས་ལ་དགོངས་དག་ཞུ་ཁུལ་བྱས་སྐབས། སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་གིས་གནས་རི་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་གཏོང་བར་བཀག་འགོག་བྱེད་དགོས་ཅི་ཡིན་མིན།  བོད་མིས་བསང་གསོལ་གཏོང་བའི་ཆོས་ཀྱི་བྱེད་སྒོ་དག་ཅི་ལྟར་ཁྲིམས་འགལ་ཆགས་སོང་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་གང་དང་གང་ལ་འགལ་ཡོད་མེད་གསལ་བཤད་བྱ་དགོས་སྐོར་ནན་བརྗོད་བྱས་ཡོད་པ་མ་ཟད།  དམག་མི་རྣམས་ནི་ཁུལ་རིམ་པའི་མགོ་ཁྲིད་ཚོས་བཀའ་མངགས་སྒྲུབ་མཁན་ཡིན་པས།  ཁོ་ཚོར་ཐོབ་ཐང་དང་རང་དབང་གང་ཡང་མེད་སྟབས།  རྒྱ་གཞུང་གིས་དངོས་གནས་ནོར་འཛོལ་ཁས་ལེན་གྱིས་མི་མང་ལ་དགོངས་དག་བྱ་འདུན་ཡོད་ཚེ།   ཁུལ་རིམ་པའི་མགོ་ཁྲིད་ཡོང་ནས་མང་ཚོགས་ལ་དགོངས་དག་ཞུ་དགོས་པ་བརྗོད་ཡོད་འདུག

རྗེས་སུ་རྟའུ་ཉ་མཚོ་དགོན་པའི་འབྲེལ་ཡོད་དབུ་འཛིན་གྲྭ་བཙུན་རྣམས་ཀྱིས་སེར་སྐྱ་མང་ཚོགས་ལ་ཞུ་སྐུལ་གནང་བར་བརྟེན། ད་ལྟའི་གནས་སྐབས་སུ་དགོན་པའི་ཆོས་རའི་ནང་འདུ་འཛོམས་བྱས་ཡོད་པའི་སེར་སྐྱ་མང་ཚོགས་རྣམས་རང་སར་གྲོལ་ཡོད་པ་དང་།  དགོན་པའི་མཐའ་སྐོར་བའི་དམག་མི་རྣམས་ཀྱང་ཕྱིར་འཐེན་བྱས་ཡོད་འདུག དེ་བཞིན།  མང་ཚོགས་ཀྱིས་སྐད་འབོད་བྱས་པར་བརྟེན་ནས་གནས་རི་རྨ་ཆེན་སྤོམ་རའི་སྒང་དུ་དོན་རྐྱེན་བྱུང་སྐབས་རྒྱ་དམག་གིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པའི་སེར་སྐྱ་མི་མང་རྣམས་ཀྱང་ཕྱི་ཚེས་ ༧ ཉིན་ཀློད་ཡོད་པ་རེད།

གཞན་ཡང་།  ལོ་སྔོན་མའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་ཡང་།  རྟའུ་རྫོང་ཁུལ་གྱི་ས་གནས་སེར་སྐྱ་མང་ཚོགས་རྣམས་གནས་རི་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་གཏོང་བར་ཕྱིན་སྐབས།  རྒྱ་གཞུང་གིས་སྔ་ས་ནས་དམག་མི་ཆེད་གཏོང་བྱས་ཏེ་རི་རྩེ་སྐོར་ནས་བཀག་འགོག་དམ་དྲག་བྱས་ཡོད་པ་རེད།  སྤྱིར་བསང་གསོལ་གཏོང་བ་ནི་བོད་མིའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཆོས་ཀྱི་བྱེད་སྒོ་གལ་ཆེན་ཆགས་ཡོད་སྟབས། བོད་མི་རྣམས་ཀྱིས་སོ་སོའི་ཁང་ཁྱིམ་གྱི་ཕུག་རྒྱབ་ཏུ་བསང་ཁྲི་བརྩིགས་ཏེ་ཉིན་ལྟར་སྔ་དགོང་གཉིས་ལ་བསང་གསོལ་བྱེད་བཞིན་ཡོད་པ་མ་ཟད། ཉིན་བཟང་སྐར་བཟང་དང་དུས་ཆེན་ཁག  བོད་པའི་བླ་ཆེན་དང་སྐྱེ་ཆེན་རྣམས་ཀྱི་འཁྲུངས་འདས་ཀྱི་ཉིན་མོར་གནས་རིའི་སྒང་དུ་བསང་གསོལ་རྒྱ་ཆེན་པོ་གཏོང་སྲོལ་ཡོད་པ་རེད།

photo-2
གནས་རི་རྨ་ཆེན་སྤོམ་རའི་རི་སྒང་དུ་རྒྱ་དམག་གིས་བོད་མི་དད་ལྡན་བསང་གསོལ་བ་རྣམས་ལ་བཀག་འགོག་བྱེད་བཞིན་པ།

བོད་མིས་གནས་རིར་བསང་གསོལ་གཏོང་བ་ནི་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད་པའི་ཆོས་ལུགས་རང་ངོས་ཀྱི་བྱེད་སྒོ་ཞིག་ཡིན་མོད།  རྒྱ་གཞུང་གིས་ནམ་རྒྱུན་བོད་མིའི་ཆོས་ཀྱི་བྱེད་སྒོ་རྣམས་ཆབ་སྲིད་ལ་ཁ་གཡར་ཏེ་བཀག་འགོག་བྱེད་བཞིན་པ་མ་ཟད།  དད་ལྡན་མང་ཚོགས་ཀྱི་ཐོག་ལ་མེ་མདའ་བརྒྱབ་སྟེ་དམར་གསོད་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་དེ་ནི།  རྒྱ་གཞུང་རང་གིས་ངོས་ལེན་མིང་རྟགས་བཀོད་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་དང་།  རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་དྲུག་པར་  “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་དབང་ཡོད།  རྒྱལ་ཁབ་ཀྱི་ལས་ཁུངས་དང༌།  སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོག ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱེད་མི་ཆོག རྒྱལ་ཁབ་ཀྱིས་རྒྱུན་ལྡན་ཆོས་ལུགས་ཀྱི་བྱེད་སྒོ་སྲུང་སྐྱོང་བྱེད་པ་ཡིན།” ཞེས་པའི་རྩ་ཁྲིམས་ཀྱི་ཁས་ལེན་དམ་བཅའ་དང་འགལ་ཡོད་པ་མ་ཟད།  བོད་མི་རིགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་ལ་ཆེད་དམིགས་རྡོག་རོལ་དམའ་འབེབས་བཏང་བ་ཞིག་ཆགས་ཡོད།

to top