ཕྱི་ཚེས་ ༢༣ ཉིན་བོད་མདོ་སྟོད་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས། དགོན་པའི་ཉེ་འོག་ཏུ་ཡོད་པའི་རྒྱ་གཞུང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་ལ། རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་དགོན་ཉེ་འོག་ཏུ་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་ལས་ཁུངས་མདུན་དུ། ༼༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས།༽ ཞེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་སྲེག་བཏང་སྟེ་རིང་པོ་མ་སོང་བར་མེ་ལྕེ་ཁྲོད་ནས་ས་ལ་འགྱེལ་ཡོད་འདུག དེ་ནས་ས་གནས་བོད་མི་མང་པོ་འཛོམས་ནས་ཁོང་གི་སྐུ་ཕོང་ལ་བདག་པོ་རྒྱག་རྩིས་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་སླེབས་ཏེ་གནམ་ལ་མེ་མདའ་བརྒྱབ་པ་དང་། ཉེན་རྟོག་རླངས་འཁོར་གྱི་ཉེན་བརྡའི་དུང་བརྡ་རྒྱག་པ་སོགས་བྱས་ཏེ། མང་ཚོགས་རྣམས་འཇིགས་སྐུལ་གྱིས་ཁ་འཐོར་དུ་བཏང་རྗེས། སྐུ་ཕོང་རླངས་འཁོར་ནང་བླུགས་ཏེ་བཙན་འཁྱེར་བྱས་ཡོད་འདུག
ད་དུང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་རྟའུ་ཉ་མཆོ་དགོན་པར་གུ་རུའི་གཟུངས་སྔགས་གསོག་སྒྲུབ་ཀྱི་ཆོས་ཐོག་ཅིག་ཚོགས་བཞིན་པ་དང་། དེའི་ཚོགས་མགོན་དུ་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཕེབས་ཀྱི་ཡོད་ཀྱང་། ཉིན་དེར་ཁོང་དུས་ལྟར་ཚོགས་མགོན་དུ་ཕེབས་ཐོན་མ་བྱུང་བར་ཚང་མས་སྒུག་བསྡད་མཐར། ཁོང་ཉིད་ཀྱིས་རང་ལུས་མེར་བསྲེག་གནང་ཟིན་པའི་གནས་ཚུལ་ཏེ་ཤེས་རྟོགས་བྱུང་ཡོད་འདུག ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་བའི་གནས་ཚུལ་ཏེ་ས་གནས་དགོན་གྲོང་གཉིས་སུ་ཁྱབ་རྗེས། ཉིན་དེར་ས་གནས་མང་ཚོགས་མང་པོ་དགོན་པར་འཛོམས་ཡོད་འདུག ཡིན་ནའང་། རྗེས་སུ་གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་བྱུང་ཐུབ་མི་འདུག
གྲྭ་སྐལ་བཟང་ཡེ་ཤེས་ལགས་ནི་ད་ལྟ་རང་ལོ་ ༣༨ ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དབང་སྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་ནོར་ཡུལ་ཚོའི་ཐེ་ཝ་གྲོང་པ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་དབང་རྡོ་རྗེ་དང་མའི་མིང་ལ་བྱམས་པ་ལྷ་མོ་ཟེར། ཕྱི་ལོ་ ༡༩༩༧ ལོར་ཁོང་རྒྱ་གར་ལ་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། རྗེས་སུ་ཕྱིར་ཕ་ཡུལ་དུ་ལོག་ནས་སྨྱུང་གནས་བླ་མ་གནང་བ་དང་། དེ་བཞིན། ས་གནས་བོད་མི་ཚོར་ནང་ཆོས་དང་རིག་གནས་འཆད་ཁྲིད་སོགས་ཀྱི་ཕྱག་ལས་གནང་ཡོད་པ་དང་། བོད་རིགས་མང་ཚོགས་ཀྱི་ངོས་ནས་ཀྱང་ཁོང་ལ་གུས་བརྩི་ཆེན་པོ་གནང་བཞིན་ཡོད་འདུག