ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་ཁོངས་ཀྱི་བོད་རིགས་ཚོང་པ་གསུམ་དང་། སྙན་ངག་པ་གཅིག་བཅས་ལ་བཙོན་འཇུག་ཁྲིམས་ཐག་ལྕི་མོ་བཅད་ཡོད་ཀྱང་། ས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། ཁོང་ཚོ་འཇུ་བཟུང་བཙོན་འཇུག་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ནང་ཁམས་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོའི་ས་གནས་བོད་རིགས་ཚོང་པ་བསོད་ནམས་དར་དབང་དང་ལྷ་རྣམ། ཚེ་རིང་ལྷ་འགྲུབ་བཅས་གསུམ་ལ། རྒྱ་གཞུང་གིས་ཁོང་ཚོར་མི་དམངས་ཁྲོད་དཀྲུག་ཤིང་བརྒྱབ་པ་དང་། སྲིད་གཞུང་ལ་ངོ་རྒོལ་གྱི་ཉེས་མིང་འོག སོ་སོར་ལོ་བརྒྱད་རེའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཡིན་ནའང་། བོད་རིགས་ཚོང་པ་དེ་གསུམ་ལ་ཁྲིམས་ཁང་གང་དུ་བཙོན་འཇུག་ཁྲིམས་ཐག་བཅད་མིན་དང་། ད་ལྟའི་ཆར་བཙོན་ཁང་གང་ཞིག་ཏུ་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་མེད་དང་། འཇུ་བཟུང་དང་ཁྲིམས་གཅོད་ཀྱི་ཞིབ་ཕྲའི་ཟླ་ཚེས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་ད་ལྟའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། བོད་རིགས་ཚོང་པ་དེ་གསུམ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་རླན་ཆུ་ཞང་ཀ་མདོ་གྲོང་ནས་ཡིན་འདུག ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་ཁོང་གསུམ་འཇུ་བཟུང་བྱས་ཡོད་འདུག

ཁོང་གསུམ་འཇུ་བཟུང་བྱེད་དོན་ཐད་ས་གནས་བོད་རིགས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་བའི་སྲིད་ཇུས་འོག ལོ་ལྟར་རྒྱ་མི་ཚོང་བ་དང་ལས་ཀ་བ། མང་ཚོགས་བཅས་འབོར་ཆེན་བོད་ཀྱི་ས་ཁུལ་གང་སར་གོ་སྒྲིག་གནས་སྡོད་བྱེད་འཇུག་གི་ཡོད་པ་ལྟར། ཁམས་འབྲི་རུ་རྫོང་རླན་ཆུ་ཞང་དུའང་རྒྱ་རིགས་ཚོང་པ་མང་པོ་སླེབས་ཡོད་པ་མ་ཟད། རྒྱ་རིགས་ཚོང་པ་དེ་དག་གིས་ཅ་དངོས་རིན་གོང་ཆེན་པོས་བཙོང་བ་སོགས་ལ་བརྟེན་ནས། ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དང་། གལ་སྲིད་བོད་རིགས་མང་ཚོགས་ཀྱིས་རྒྱ་རིགས་ཚོང་བ་དེ་དག་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཚེ། ཡུལ་ཚོའི་མགོ་གཙོ་མཐོ་གྲས་དེ་རྒྱ་མི་ཞིག་ཡིན་སྟབས། བོད་རིགས་མང་ཚོགས་ཐོག་སྔར་ལྷག་སུན་གཙེར་དཀའ་ངལ་སླེབས་ཀྱིན་ཡོད་འདུག
དེར་བརྟེན། ལོ་ཁ་ཤས་སྔོན་ནས་བོད་མི་ཚོང་པ་བསོད་ནམས་དར་དབང་དང་། ལྷ་རྣམ། ཚེ་རིང་ལྷ་འགྲུབ་བཅས་ཀྱིས་མཉམ་འབྲེལ་ཐོག མི་མང་གི་དཀའ་ངལ་ལ་དམིགས་ཏེ་ས་གནས་ཞང་ཐོག་ཏུ་ཅ་དངོས་ཉོ་བདེ་དང་གོང་ཁེ་པོ་ཡིན་པའི་སྡེབ་ཚོང་ཁང་ཆེན་པོ་བཟུང་ཡོད་འདུག ཁོང་གསུམ་གྱིས་སྡེབ་ཚོང་ཁང་བཟུང་རྗེས་རྒྱ་རིགས་ཚོང་པ་དེ་དག་གིས་ས་གནས་སྲིད་གཞུང་ལ་གཏུགས་བཤེར་བྱས་ཏེ། ཁོང་ཚོའི་བསམ་བློར་རྒྱ་རིགས་ཚོང་པ་རྣམས་ཕྱིར་འཕུད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཡོད་སྐོར་བརྗོད་པ་སོགས། སྲིད་གཞུང་གི་རྒྱ་དཔོན་དང་རྒྱ་རིགས་ཚོང་པ་གཉིས་ངན་འབྲེལ་ཐོག བོད་རིགས་ཚོང་པ་ཁོང་གསུམ་ཕྱི་ལོ་ ༢༠༡༤ ལོར་འཇུ་བཟུང་བྱས་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ནང་ལོ་བརྒྱད་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གཞན་ཡང་། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་རིགས་གཞོན་སྐྱེས་སྙན་ངག་པ་བསྟན་འཛིན་བསྐལ་བཟང་ངམ་སྟོང་བུ་ཆུང་ཟེར་བ་ཞིག ཕྱི་ལོ་ ༢༠༡༤ ལོའི་ལོ་སྨད་ཙམ་ནས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་མཐར། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༥ ཙམ་ལ་ཁོང་ལ་ལོ་བདུན་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་གཞུང་གིས་སྙན་ངག་པ་བསྟན་འཛིན་བསྐལ་བཟང་ལགས་འཇུ་བཟུང་བཙོན་འཇུག་དགོས་པའི་རྒྱུ་མཚན་དང་། ཁྲིམས་ཁང་གང་དུ་ཁྲིམས་ཐག་བཅད་མིན། ཉེས་མིང་ག་རེ་བཏགས་ཡོད་མེད། ད་ལྟའི་ཆར་གང་དུ་བཙོན་འཇུག་བྱས་ཡོད་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག ས་གནས་བོད་རིགས་མང་ཚོགས་ཀྱི་ངོས་ནས། ཁོང་གིས་ཉེ་སྔོན་བརྩམས་པའི་ <<འཚོལ་སྙེག>> ཅེས་པའི་དེབ་དང་། དེ་བཞིན། ཁོང་ནི་རྒྱུན་གཏན་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ལ་རྒྱའི་སྐོར་སོགས། ན་གཞོན་ཚོར་སློབ་གསོ་སྤྲོད་མཁན་ཞིག་ཡིན་པའི་ཆ་ནས། རྒྱ་གཞུང་གིས་སྣང་བར་མ་འགྲོ་བར་འཇུ་བཟུང་བཙོན་འཇུག་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་ད་ལྟའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། བསྟན་འཛིན་བསྐལ་བཟང་ལགས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་རླན་ཆུ་ཞང་ས་དམར་གྲོང་ནས་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༢༥ ཡས་མས་ཤིག་ཡིན་འདུག ཁོང་ཆུང་དུས་སུ་སློབ་ཆུང་འགྲིམས་རྗེས་དགོན་པར་ཞུགས་ཤིང་། ༢༠༠༥ ལོ་ནས་གསེར་རྟ་བླ་རུང་སྒར་དང་འཇོ་ཕུ་དགོན་བཅས་སུ་བསྐྱོད་དེ་ལོ་གསུམ་ལྷག་རིང་སློབ་གཉེར་བྱས་ཡོད་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་ཕྱིར་རང་ཡུལ་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག ཕྱིར་ཕ་ཡུལ་དུ་ལོག་རྗེས་ཁོང་གིས་ལོ་གཅིག་ཙམ་རིང་དགོན་པའི་གྲྭ་པ་རྣམས་ལ་རིག་གནས་དང་རིགས་ལམ་སློབ་ཁྲིད་དང་། དེའི་ཞོར་ལ་གྲོང་སྡེ་ཁག་འགའ་ནང་སུམ་རྟགས་དག་གསུམ་གྱིས་མཚོན་པའི་འབྲི་ཀློག་སོགས་ཀྱི་དང་བླངས་དགེ་རྒན་གནང་སྟེ། ས་གནས་བོད་རིགས་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་སྦྱོང་ཐད་སྐུལ་འདེད་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༤ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་མཁས་དབང་ཁང་དཀར་ཚུལ་ཁྲིམས་དྲུང་ནས་ཁོང་གིས་ཟླ་གཅིག་གཉིས་རིང་སློབ་གཉེར་བྱས་པ་དང་། དེ་བཞིན། ལྷ་ས་རུ་བསྐྱོད་དེ་རྒྱ་ཡིག་དང་སྒྲ་མདོ་སོགས་སློབ་སྦྱོང་བྱས་ཡོད་པ་རེད། ཁོང་གིས་ཉེ་སྔོན་ <<འཚོལ་སྙེག>> ཅེས་པའི་དེབ་ཅིག་བརྩམས་ཏེ་ཀན་སུའི་མི་རིགས་དཔེ་ཁང་ནས་འདོན་འཆར་གྱིས་དེབ་གཟུགས་ཆ་ཚང་གྲུབ་ཀྱང་། རྗེས་སུ་རྒྱ་གཞུང་གིས་འགྲེམས་སྤེལ་གྱི་ཆོག་མཆན་སྤྲད་མེད་པ་རེད། ཁོང་ནི་ནམ་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་ལྡན་ལ། བོད་པའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཐད་འབད་བརྩོན་གནང་མཁན་ཞིག་ཡིན་འདུག